ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཐོབ་པར་དཀའ་བའི་གྲོས་མོལ་གྱི་གྲུབ་འབྲས་ལ་མཉམ་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས།

སྤེལ་དུས 2025-11-10 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་ཆར། ཀྲུང་གོ་དང་ཨ་རིས་མ་ལེ་ཞི་ཡའི་ཁྭ་ལ་ལུམ་ཕུར་རེས་སྐོར་གསར་པའི་དཔལ་འབྱོར་ཚོང་དོན་གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་ཀྱི་གཙོ་བདག་དབར་ད་ལོ་ཚུན་དུ་ཕན་ཚུན་ཁ་པར་ཐེངས་མང་པོ་བསྐྱོན་ཏེ་ཐོབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བྱས་ཏེ། དཔལ་འབྱོར་ཚོང་དོན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་དམིགས་ནས། ལྷག་བསམ་ཟོལ་མེད་དང་། གཏིང་ཟབ་པ། དགེ་མཚན་ལྡན་པ་བཅས་ཀྱི་སྤེལ་རེས་དང་གྲོས་མོལ་གནང་ནས། རང་སོ་སོས་དོ་ཁུར་བྱེད་པའི་བཀོད་སྒྲིག་ཐག་གཅོད་ཐད་གཞི་རྩའི་ཐུན་མོང་གི་ངོས་འཛིན་བྱུང་བ་རེད། གྲུབ་འབྲས་དེ་དག་ཐོབ་དཀའ་བ་ཞིག་ཡིན་ཞིང་། དེ་ལས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་གནད་དོན་ཐད་ཕྱོགས་འགལ་ཡོད་པ་ནི་རྒྱུན་གཏན་ཞིག་ཡིན་མོད། འོན་ཀྱང་། སེམས་རྣལ་ལ་ཕབ་ནས་གྲོས་མོལ་བྱས་ཏེ་འདྲ་མཉམ་ཀྱི་གྲོས་མོལ་དང་དགེ་མཚན་ལྡན་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཚེ། ཕྱོགས་འགལ་ཐག་གཅོད་འོས་འཚམ་ཐུབ་ནས་ཡང་དག་པའི་འབྲེལ་འདྲིས་བྱེད་ཐབས་རྙེད་ངེས་ཡིན་པ་བསྐྱར་དུ་གསལ་བཤད་བྱས་ཡོད།
  ཀྲུང་གོ་དང་ཨ་རིས་ཕྱོགས་འགལ་ཐག་གཅོད་འོས་འཚམ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་གལ་ཆེ་ཤོས་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དེ་རེད། ད་ལོ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐེ་རོན་ཕུའུ་དང་ཁ་པར་བསྐྱོན་རེས་ཐེངས་མང་གནང་སྟེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ལེགས་སུ་་དང་འཕེལ་རྒྱས་གཏོང་ཆེད་གཞི་འཛིན་ས་གཏན་འཁེལ་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་གྱི་མཛུབ་ཁྲིད་འོག ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དཔུང་ཁག་གིས་སྔ་རྗེས་སུ་གྲོས་མོལ་རེས་སྐོར་ཐེངས་ལྔ་བྱས་པར་དགེ་མཚན་ལྡན་པའི་ཐུན་མོང་ངོས་འཛིན་གྲུབ་པ་རེད། དེ་ལས་ཀྲུང་གོ་དང་ཨ་རིའི་གྲུ་གཟིངས་ཆེན་པོ་དེ་གཉིས་ཐུན་མོང་ཐོག་མདུན་སྐྱོད་དང་། གྲུ་གཟིངས་ཁ་མི་ཡོ་བ། མྱུར་ཚད་འགོར་དུ་མི་འགྲོ་བ་བཅས་ལ་འགན་ལེན་བྱེད་པར་ངེས་པར་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་ལ་གཡོ་འགུལ་མི་ཐེབས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་ཆད་ལུས་མེད་པར་དོན་འཁྱོལ་མཐའ་འཁྱོངས། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་ཀྱི་རྩ་དོན་ཁག་གསུམ་ལྷོད་གཡེང་དུ་མི་གཏོང་བ་མཐའ་འཁྱོངས་བཅས་བྱེད་དགོས་པ་གསལ་བཤད་གང་ལེགས་བྱས་ཡོད།
  ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པས། ཕྱོགས་གཉིས་པོས་མཉམ་ལས་བྱས་ན་གཉིས་ཕན་ཡོང་བ་དང་འཐབ་རྩོད་བྱས་ན་གཉིས་ཀར་གནོད་པ་དེ་ནི་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཁྲོད་ནས་ཡང་ཡང་ར་སྤྲོད་ཐུབ་པའི་བདེན་དོན་ཞིག་རེད། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་འཕེལ་རྒྱས་བརྟན་པོ་འགྲོ་བའི་སྤྱི་ཡོངས་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་ཡང་མཐུན་ཡོད། གྲོས་མོལ་རེས་སྐོར་ལྔ་པོར་ཕྱིར་མིག་བལྟས་ཚེ། ཚོགས་ཁང་ནས་དགེ་མཚན་ལྡན་པའི་བརྡ་རྟགས་གྲགས་ཐེངས་རེར་གོ་ལ་ཧྲིལ་པོའི་ཁྲོམ་རར་རྩ་ཆེའི་གོ་སྐབས་སྦྱིན་ཡོད། འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། ཀྲུང་གོས་རྒྱལ་ཁབ་ཆེན་པོའི་ངེས་ཤུགས་དང་བློ་གྲོས་གང་ལེགས་མངོན་པ་དང་། ཀྲུང་གོ་དང་ཨ་རིར་ཡོད་དགོས་པའི་བློ་གཤོག་ཆེན་པོ་དང་འགན་འཁྲི་ཁུར་སེམས་ཆེན་པོ་མངོན་པ། “འབྲེལ་རྒྱུན་གཅོད་པར”ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་དང་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྱང“ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་ཐག་གཅོད་སེམས་མེད་པ”དང“ཨ་རི་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་ནི་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཞིག་རེད”ཅེས་ཐེངས་མང་བརྗོད་ཡོད། ཐུན་མོང་གི་ངོས་འཛིན་དེ་ཡོད་སྟབས། ཕྱོགས་གཉིས་པོས་ཁ་ཕྱོགས་གཅིག་ལ་ཕྱོགས་ནས་བསྐྱོད་དེ། གྲོས་མོལ་བྱེད་ཐེངས་རེ་རེའི་གྲུབ་འབྲས་ལ་གཅེས་འཛིན་གྱིས་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་ཕྱོགས་འགལ་ཚོད་འཛིན་བྱས་ནས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་གཉིས་ཕན་མཉམ་ལས་ཀྱི་ལམ་བུར་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
  དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་ཐོག་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཚེ། ཨ་རི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་ངེས་རེད། གྲོལ་མ་ཐག་པའི་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་བྱས་པར་གྲོས་འཆམ་བྱུང་ནས། འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞི་བཏིང་ཡོད། ཕུགས་ནས་བལྟས་ན། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པ་དེ་ནི་སྐས་རིམ་ལྟར་རིམ་འཕེལ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་རེད། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ན། ཀྲུང་གོས་རང་ངོས་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་འགྲན་སློང་གང་རུང་ལ་ཁ་གཏད་གཅོག་ཐུབ། ཚང་འཛོམས་གྲོས་ཚོགས་ཐོག “ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་འཁོར་རྒྱུག་རྒྱ་ཆེར་གཏོང་བ། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ”བཅས་བྱེད་དགོས་པ་བཏོན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་ངོས་འཛིན་བྱས་དོན། ངེས་གཏན་མིན་པའི་རང་བཞིན་ཤུགས་ཆེ་བའི་མིག་སྔར། ཀྲུང་གོས་དུས་ཡུན་རིང་འབྲིང་གི་འཆར་འགོད་བཟོས་ནས་ལག་བསྟར་བྱས་པར། འཐབ་ཇུས་ཀྱི་མིག་རྒྱང་རིང་བ་དང་བརྟན་ལྷིང་རང་བཞིན་ཆེན་པོ་མངོན་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རྩ་ཆེའི་གཏན་འཁེལ་རང་བཞིན་བསྣན་ཡོད།