ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ས་མཐོའི་སྟོན་ལྗོངས་ལྟ་ན་སྡུག ཕྱོགས་བཞིའི་སྐྱེ་བོའི་ཡིད་དབང་འཕྲོག

སྤེལ་དུས 2025-11-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
 
 འདི་ནི་རྫོང་རྒྱབ་ཀླུ་ཁང་གི་ཟུར་ཞིག་ཡིན་པ།
  འདི་ནི་ནོར་བུ་གླིང་ཁའི་སྟོན་ཀའི་རྣམ་པ་ཡིན་པ།
  འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་གསེར་མདོག་སྟོན་ལྗོངས་ཀྱིས་བརྒྱན་པའི་རྒྱལ་ལམ་དུ་རྐང་འཁོར་རུ་ཁག་སྐྱོད་བཞིན་པ།
  འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་གྱི་སྟོན་ཀའི་རྣམ་པ་ཡིན་པ།
  འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་སྟོན་ཀའི་རྣམ་པ་ཡིན་པ།
  འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་སྟོན་ཀའི་རྣམ་པ་ཡིན་པ།
  ལྷ་སའི་སྟོན་ཁ་ནི་འཇམ་ཞིང་དྲོ་བའི་ནམ་དུས་ཤིག་ཡིན་ཞིང་། ལྷ་ཀླུ་འདམ་རར་གསེར་མདོག་གི་ན་ཁ་དང་སྔོ་ཐིང་ངེར་གནས་པའི་ཆུ་མོ་ཕན་ཚུན་གཅིག་ལ་གཅིག་བརྒྱན་དུ་ཆགས་པ་དང་། ཆུ་ངོས་སུ་རྒྱང་རིང་རི་བོའི་ལྡོག་གཟུགས་གསལ་ལེར་འཆར། སྒེའུ་ཁུང་གི་ཁྲ་མ་ནས་རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་སྟོན་གྱི་མཛེས་ལྗོངས་འདི་གནམ་སའི་དབར་ལྷུན་གྱིས་གྲུབ་པའི་རི་མོ་བཞིན་མངོན། མཚམས་མཚམས་སུ་དུས་བྱ་འཕུར་ལྡིང་ལས་དབེན་པའི་གནས་འདིར་གསོན་ཤུགས་དང་ཞི་མཐུན་གྱི་རྣམ་པ་ཞིག་གྲུབ། རྫོང་རྒྱབ་ཀླུ་ཁང་དུ་རྩེ་མོ་གནམ་ལ་བསྙེགས་འདྲའི་སྦྱར་པའི་འདབ་ལོ་དག་སེར་པོར་གྱུར་ཅིང་། སྟོན་རླུང་གི་ལྡང་ཕྱོགས་དང་བསྟུན་ནས་རླབས་རིས་ཤིག་ཤིག་གི་ཆུ་སྟེང་དུ་ལྷུང་། ཕོ་བྲང་པོ་ཏ་ལ་ནི་དེའི་དཀྱིལ་དུ་འགྱིང་ངེར་གནས་པས་དུས་ཀྱི་འཁོར་ལོའང་རེ་ཞིག་འཁོར་མཚམས་ཆད་ནས་ལྟད་མོར་རོལ་བ་དང་མཚུངས།
  འདུ་འཛི་ཆེ་བའི་གྲོང་ཁུལ་ནས་ཐོན་ཏེ་ཆུ་ཤུར་རྫོང་དང་མལ་གྲོ་གུང་དཀར་རྫོང་དུ་བསྐྱོད་ན་ཞིང་ཐང་གྲུ་བཞི་ནས་སྟོན་གྱི་རང་མདངས་རིམ་གྱིས་མངོན་འོང་ཞིང་། ས་གཞི་ཡོངས་མར་ཁུ་བྱུགས་པ་ལྟར་སེར་ཐིང་ངེར་གནས། སྐབས་སྐབས་སུ་གྱ་གྱུའི་གཞུང་ལམ་དུ་རྐང་འཁོར་རུ་ཁག་དང་རྒྱ་ལམ་འགྲུལ་པ་སོགས་ཀྱང་འདྲེན་བྱེད་ལམ་དུ་འཆར་བས། དབེན་ཞིང་འཇམ་པའི་སྟོན་ཁར་འཁྲུག་ཆ་དོད་པའི་ཉམས་སྣང་ཞིག་ཀྱང་ངང་གིས་སྦྱིན།
  ཤར་དུ་ཉིང་ཁྲི་ཀླུ་ནང་དུ་བསྐྱོད་ན་སྟོན་གྱི་ཉམས་འགྱུར་དེ་བརྗིད་ཆགས་ཉམས་དགའ་བ་ཞིག་ཏུ་སྣང་། སྨུག་སྤྲིན་གྱིས་ཡོངས་སུ་བཀླུབས་པའི་ནགས་ཀླུང་སྟུག་པོ་དག་ལྗང་ནག་དང་། གསེར་མདོག ཁམ་མདོག་བཅས་འདྲེས་མར་གྱུར་ནས་གཅིག་ལ་གཅིག་བརྒྱན་གྱི་ངང་ཚུལ་འཛིན། ན་ཁ་དང་། ཆུ་ཕྲན། གྲོང་སྡེ་བཅས་ནི་དེའི་ཁྲོད་དུ་ཚོན་མདོག་རྣམ་པར་བཀྲ་བའི་ཕྲ་རྒྱན་བཏབ་པ་ལྟར་དུ་གནས།
  ལྷོ་ཁར་མཁར་ལ་སྔ་བ་ཡུམ་བུ་བརླ་མཁར་རི་བོ་ཇོ་མོ་བཀྲ་ཤིས་ཚེ་རིང་གི་སྟེང་དུ་འགྱིང་ངེར་གནས། རི་ལྡེབས་ཀྱི་སྤང་རྩྭ་རྣམས་སེར་པོར་གྱུར་ནས་གསེར་འོད་ཆེམ་ཆེམ་གྱི་ས་གདན་ཆེན་པོ་ཞིག་བཏིང་བ་དང་གཉིས་སུ་མ་མཆིས། མཁར་ལ་སྔ་བ་ཡུམ་བུ་བརླ་མཁར་དེ་ཉིད་སྟོན་གསུམ་གྱི་ཉི་འོད་འོག་དེ་བས་ཀྱང་བརྗིད་ཉམས་ལྡན་པར་གྱུར་ནས་སྔར་སོང་གི་འདས་དོན་དག་ཤུབ་ཤུབ་ཏུ་གླེང་བ་དང་འདྲ།
  ཆབ་མདོ་དཔལ་འབར་གྱི་འབྲོག་ཁུལ་དུ་འབྲས་ལྡན་སྟོན་གྱི་དུས་བཟང་ནི་འདྲེན་བྱེད་ཀྱི་ལྟད་མོ་ཡི་གར་འོང་བ་ཞིག་ཏུ་འཁུམས། ཡངས་པའི་རྩྭ་ར་རྣམས་དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྔོ་ལྗང་གི་ན་བཟའ་ཕུད་དེ་སེར་མདོག་གི་ལྭ་བ་བཀླུབས་ནས་རྒྱང་རིང་གི་མཐོ་དམའ་མི་སྙོམས་པའི་ས་འཛིན་གྱི་མྱུ་ཁྱུད་དང་གཡའ་དག་པའི་དགུང་ཨ་སྔོན་དང་ལྷན་དུ་དབེན་འཇམ་གྱི་རི་མོ་ལྟ་ན་སྡུག་པ་ཞིག་དང་ཀུན་ནས་མཚུངས།
  འབྲས་ལྡན་སྟོན་གྱི་བོད་ལྗོངས་ནི་རང་བྱུང་ཁམས་དང་མི་ཆོས་རིག་གནས་ཐུན་མོང་ལ་དབང་བའི་མཛེས་པ་ཞིག་ཡིན་ཞིང་། དེ་ནི་དཔྱིད་ཀ་ལྟར་འཁྱག་རོམ་གྱི་མལ་ལས་ལངས་མ་ཐག་མ་ཡིན་ལ། དབྱར་ཁ་ལྟར་ཚ་གདུག་གིས་མནར་བའང་མིན་ཞིང་། དགུན་ཁ་ལྟར་གྲང་བས་གཙེས་པ་དེ་བས་ཀྱང་མིན་པར། འབྲས་བུས་གཏམས་ཤིང་། དྲོ་སྐྱིད་དང་ཁུ་སིམ་བག་ཕེབས་ཀྱི་ཉམས་སྣང་གིས་ཕྱུག་པ་ཞིག་ཡིན་པས། ས་མཐོར་མངའ་བའི་ཚེ་སྲོག་གི་རང་མདངས་ཐུན་མིན་དག་གསལ་ལེར་མངོན། སྟོན་ཁ་ནི་འཇིག་རྟེན་བྱེད་པོས་ཆེད་དུ་བསྩལ་བའི་རྩ་ཆེའི་ཕྱག་རྟགས་ཤིག་ཡིན་ལ། ཡིད་སེམས་རྣལ་ལ་འབེབས་སའི་གྲུ་ཟུར་སྐྱིད་པོ་ཞིག་དེ་བས་ཀྱང་ཡིན་ནོ།