ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གངས་ལྗོངས་ཀྱི་ལུས་རྩལ་པས་ཁུག་ཆེན་ཁུལ་དུ་ཕུགས་འདུན་དོན་གཉེར་བྱེད།

སྤེལ་དུས 2025-11-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
——བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུཌ་མཛད་སྒོར་ཞུགས་པའི་ཟུར་བཀོད།
འདི་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
འདི་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོའི་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་པའི་རུ་སྟར་གྲུ་བཞིའི་ཉམས་བཟང་ཡིན་པ།
  ཟླ་11ཚེས་9ཉིན་གྱི་དགོང་མོར། “སྤྲོ་བས་བརྟས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས། གསོན་ཤུགས་འཕེལ་བའི་ཁུག་ཆེན་ཁུལ”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ཀོང་ཀྲོའུ་གྲོང་ཁྱེར་ཀོང་ཏུང་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
  སྐར་ལྔའི་དར་དམར་འོག ཚོགས་ར་ཡོངས་ཀྱི་ལྟད་མོ་བ་དང་ལུས་རྩལ་པས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཏེ། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུས་པ་རེད། ཚོགས་རར་འཛུལ་བའི་མཛད་སྒོའི་ཐོག བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་རུ་སྟར་གྲུ་བཞིས་མི་རིགས་ཁག་གི་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་སྙིང་ཁར་བཅངས་ཏེ་གཟི་བརྗིད་ལྡན་པའི་ངང་ཚོགས་རར་འཛུལ་བ་རེད། ཁོང་ཚོས་དྲིན་ཚོར་གྱི་བསམ་པ་དང་། དཔའ་ངར་ཆེར་སྐྱེད་ཀྱིས་འབད་འབུངས་བྱེད་པའི་ཉམས་འགྱུར་དང་། དེ་བཞིན་ཡར་ཐོན་ལྷུར་ལེན་གྱི་རྣམ་འགྱུར་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་པའི་ཉམས་བཟང་གང་ལེགས་ངོམས་པ་རེད།
  བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་རུ་སྟར་གྲུ་བཞིའི་དར་ཆ་འཛིན་མཁན་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བྲག་འཛེག་རྣམ་གྲངས་ཀྱི་ལུས་རྩལ་པ་བསམ་གྲུབ་ཉི་མ་ཡིན་པ་དང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་དང་ཅུས་ཀྲང་གཞོན་པ་ཁྲེན་ཐེན་པིང་གིས་རུ་སྣེ་ཁྲིད་ཅིང་། རུ་སྟར་གྲུ་བཞིར་རྒྱལ་ཡོངས་ཀྱི“སྔོན་ཐོན་གཉིས”ཀྱི་འཐུས་མི་དང་། ལུས་རྩལ་རུ་ཁག་ཁག་གི་འགན་འཁུར་བ། རྩལ་ཁྲིད་པ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་མི་སྣ་བཅས་མི་37ཡོད་པ་རེད། རུ་སྟར་གྲུ་བཞི་དེ་ནི་བོད་ཀྱི་ལུས་རྩལ་པས་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པའི་བསྡུས་རིས་གསོན་ཉམས་དོད་པོ་ཞིག་ཡིན་པ་མ་ཟད། ཏང་གི་འགོ་ཁྲིད་འོག གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ལག་ལེན་བསྟར་ཏེ། ལུས་རྩལ་བྱ་གཞག་འཕེལ་རྒྱས་ཁྲོད་ཧུར་ཐག་ཞུགས་པའི་འགན་འཁྲི་འཁུར་སེམས་ཀྱི་མཚོན་ཚུལ་བཟང་པོ་ཞིག་ཀྱང་རེད།
  སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་དུ། 2021ལོ་ནས་2024ལོ་བར་གྱི་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར་ཡིན་པའི་བོད་རང་སྐྱོང་ལྗོངས་ཀྱི་རི་ཀླུང་གངས་ཤུད་ལུས་རྩལ་པ་ཚེ་རིང་དགྲ་འདུལ་ལྟད་མོ་བའི་བརྟུལ་ཞུགས་བཟུང་ནས་དེ་གར་སླེབས་ཡོད། ཁོང་གིས། “2021ལོ་ནས་2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར་ལ་བདམས་ཐོན་བྱུང་བ་ནི་ང་རང་ལ་མཚོན་ན་གཟི་བརྗིད་ཆེན་པོ་ཞིག་ཡིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷ་སར་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་བྱམས་བརྩེའི་མཇལ་འཕྲད་གནང་རྗེས་དང་། དེ་རིང་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་མཇལ་སྐལ་བྱུང་བས། ནང་སེམས་ལ་དགའ་ཚོར་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་ལས་ངས་རང་གི་ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་རུ་ཕྱིན་པ་ཚོར་བྱུང”ཞེས་བརྗོད།
  “སྐབས་གོང་མའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་བསྡུར་ན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ནི་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་ས་ཁུལ་གསུམ་གྱིས་མཉམ་འབྲེལ་ཐོག་གཉེར་ཐེངས་དང་པོ་ཡིན་པ་དང་། ས་མཚམས་སྒྲོལ་བའི་འགྲན་བསྡུར་བཀོད་སྒྲིག་དང་། ‘དྲ་ཐོག་གི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གྲོང་ཚོ’ཐོག་མར་བཏོད་པ། རིག་ལྡན་ཐོགས་མེད་ལྟ་སྟེགས་བཀོད་སྒྲིག་བཅས་བྱས་ཏེ། དབང་པོ་སྐྱོན་ཅན་ལ་སྟབས་བདེ་བསྐྲུན་ཡོད། ད་དུང་འགྲན་བསྡུར་གཉེར་བའི་འདུ་ཤེས་བཏོད་པ་སྟེ། འགྲན་ར་ཆེ་གྲས་གསར་པ་དང‘རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གྲོང་ཚོ’གསར་པ་བསྐྲུན་མེད་པ་ལས་འགྲན་བསྡུར་གྱི་མ་གནས་ལ་གྲོན་ཆུང་གང་ལེགས་ཐུབ་པ་མ་ཟད། ཐོན་ཁུངས་འཕྲོ་བརླག་ཏུའང་ཕྱིན་མེད”ཅེས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་འབྲེལ་གཏུག་པ་ཡའོ་ཡུང་ཀང་གིས་བརྗོད་པ་དང་། བོད་རང་སྐྱོང་ལྗོངས་བྲག་འཛེག་རུ་ཁག་གི་རྩལ་ཁྲིད་པ་བསོད་ནམས་རྒྱ་མཚོས། “2021ལོ་ཚུན་དུ། རང་ལྗོངས་ཀྱིས་གཞོན་ནུ་ལོ་ཆུང་གི་བྲག་འཛེག་ཤེས་ལྡན་པ་འདེམས་བསྐོའི་འཆར་གཞི་ལག་ལེན་བསྟར་ཏེ། གྲོང་ཁྱེར་ཁག་དང་ས་ཁུལ་ཁག་གི་ལས་ཞོར་ལུས་རྩལ་སློབ་གྲྭ་ནས་ལུས་རྩལ་གྱི་ལེགས་ཆ་ལྡན་པའི་གཞོན་ནུ་ལོ་ཆུང་བདམས་ཡོད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བྲག་འཛེག་རྣམ་གྲངས་ཀྱི་འོས་ཐོབ་འགྲན་བསྡུར་ཁྲོད། བསམ་གྲུབ་ཉི་མ་དང་བསྟན་འཛིན་ལྷག་སྒྲོན་སོགས་རུ་མིའི་ཕྱོགས་ཡོངས་ཀྱི་རྩལ་ནུས་འཇོན་ཐང་དང་གཟུགས་པོའི་རྨང་གཞི་ཡག་པོ་འདུག བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་ཚོས་བསམ་པའི་ཉམས་འགྱུར་གང་ལེགས་ངོམས་ཏེ། གཡུར་ཟའི་གྲུབ་འབྲས་ལེན་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།