དགུན་དུས་བོད་བྱང་ཐང་གི་ཕྱི་རོལ་དུ་གྲང་རླུང་འུར་འུར་དུ་ལྡང་ཞིང་། དྲོད་ཚད་ཀླད་ཀོར་འོག་ཏུ་སླེབས་ཀྱང་། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་དྲིལ་བསྒྲགས་བྱ་ཡུལ་ཁག་ཏུ་ཚ་རླབས་ཤིག་འཕྱུར་བཞིན་ཡོད། ཉིན་ཤས་བསྟུད་མར་སྦྲ་ཆེན་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་སྡེ་ཚན་མང་པོ་དང་མཉམ་དུ“གཤམ་སྐྱོད་གསུམ”དང“སྦྲ་གུར་དྲིལ་བསྒྲགས་རུ་ཁག”གི་ཟླ་བ་བཅུ་གཅིག་པའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། ཏང་གི་སྲིད་ཇུས་དྲིལ་བསྒྲགས་དང་སྤྱོད་གོ་ཆོད་པའི་ཞབས་ཞུ་མང་ཚོགས་ལ་ཞུས་ཡོད།
ཞོགས་པ་སྔ་པོར་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་གྱི་སྒྲོག་འགྲེལ་བྱ་ཡུལ་དུ་ཧ་ཅང་འཁྲུག་པོ་ཡོད། འབྲོག་པ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་གཅིག་རྗེས་གཉིས་མཐུད་ངང་འོང་བ་མ་ཟད། “མང་ཚོགས་དང་འབྲེལ་འདྲིས་ཀྱིས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད། དམངས་ལ་ཕན་འདོགས་པའི་ཞབས་ཞུས་མི་སེམས་ལ་དྲོ་སྐྱིད་སྦྱིན”ཞེས་པའི་འཕྲེད་འགེལ་ཡི་གེ་ཞོགས་པའི་ཉི་འོད་འོག་མངོན་གསལ་ཧ་ཅང་དོད་པོ་ཡོད།
“ཡུལ་མི་ཚོ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནི་ཁ་བཤད་ཙམ་མིན་པར་ང་ཚོར་ཕྱུགས་འཚོས་ནས་འབབ་འཕར་ཡོང་བ་དང་། ཐོན་ལས་འཕེལ་རྒྱས་གཏོང་བ། འཚོ་བ་སྐྱིད་པོ་སྐྱེལ་ཐབས་བཅས་སྟོན་པའི‘སེམས་རྣལ་རིལ་བུ’ལྟ་བུ་རེད”ཅེས“སྦྲ་གུར་དྲིལ་བསྒྲགས་རུ་ཁག”གི་ཁོངས་མི་དང་རང་སྐྱོང་ལྗོངས་ཀྱི“གཞི་རིམ་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”གྲས་ཡིན་པའི་བྱ་དཀར་མཚོ་ཡིས་དེ་ལྟར་བཤད་ནས་སྙིང་ཉེ་པོས་ཁྱིམ་ཚང་སྐོར་གླེང་བའི་སྐད་ཆའི་འགྲོས་ཀྱིས་འབྲོག་པ་དང་བར་ཐག་ཇེ་ཉེར་བཏང་།
སྒྲོག་འགྲེལ་བྱེད་སྐབས། ཁོང་གིས་ཡུལ་མི་ཚོས་རྒྱུས་མངའ་ཆེ་བའི་དཔེ་དྲངས་ཏེ། “ང་ཚོའི་གླ་ཤི་གྲོང་རྡལ་འབྲོང་རྔ་གྲོང་ཚོས་ཐབས་མཁས་ངང་སྐར་གསོག་ལམ་ལུགས་ཀྱི་དོ་དམ་བྱེད་སྟངས་སྤྱད་དེ་གྲོང་ལྷན་གྱི་ལས་དོན་དང་སྐར་གསོག་གི་བྱ་དགའ་ཟུང་དུ་སྦྲེལ་བས་གྲོང་གསེབ་འཛུགས་སྐྲུན་དང་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་མང་ཚོགས་ཀྱི་ཧུར་བརྩོན་སྐུལ་སློང་ཐུབ་སྟེ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ལ་གྲོང་ཁྱེར་རིམ་པའི‘མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང’སྟེ། ‘བུད་མེད་ཁྱིམ་ཚང་གི་སྐར་གསོག་སྒོ་རྩིས་ཚོང་ཁང’གི་དཔེ་སྟོན་གྲོང་ཚོར་དཔྱད་འདེམས་བྱུང་བ་མ་ཟད། གླ་ཤི་གྲོང་རྡལ་གྱི་སྔོ་འགྱུར་རྣམ་གྲངས་དེ་གྲོང་རྡལ་གྱི་དགོན་སྐོར་སྡེ་ཁུལ་བུད་མེད་མཉམ་ལས་ཁང་ལ་སྔོན་དུ་འབྲེལ་མཐུད་བྱུང་ནས་མང་ཚོགས་64སྒོ་རྩ་ནས་ལས་ཞུགས་དང་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད། ཁ་ཡོད་ལག་ཡོད་ཀྱི་བྱ་བ་འདི་དག་ཚང་མས་མཐོང་བ་དང་ཕན་པའང་དངོས་སུ་མྱོང་ཐུབ་ཡོད”ཅེས་བཤད་མ་ཐག་སྟེགས་བུའི་འོག་ནས་མང་ཚོགས་ཀྱི་མོས་མཐུན་གྱི་རྣམ་འགྱུར་མངོན།
“རྒན་བྱ་དཀར་མཚོས་གསུངས་པ་དངོས་གནས་བདེན་པ་རེད”ཅེས་འབྲོང་རྔ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་འཛུལ་དམུལ་དམུལ་ངང་བཤད་པ་དང་། ཁོང་གིས“ངའི་ཁྱིམ་གྱི་འདག་ཕྱེ་དང་། ཕྱགས་མ། དྲོད་སྲུང་ཆུ་ཕོར་ལ་སོགས་པའི་མཁོ་ཆས་ཚང་མ་སྐར་གསོག་སྒོ་རྩིས་ཚོང་ཁང་ནས་བརྗེས་པ་ཤ་སྟག་ཡིན། དང་བླངས་ཀྱི་བྱེད་སྒོར་ཞུགས་ན་སྐར་མ་གསོག་ཐུབ་པས། གཟི་བརྗིད་ལྡན་ལ་དངོས་ཕན་ཡང་ཐོབ་ཀྱི་འདུག”ཅེས་བཤད།
“དགོན་སྐོར་སྡེ་ཁུལ་གྱི་བུད་མེད་མཉམ་ལས་ཁང་དུ་འཛུལ་བ་ནས་བཟུང་། ངའི་འཚོ་བ་སྔར་བས་སྐྱིད་དུ་ཕྱིན་སོང”ཞེས་བསོད་ནམས་སྐྱིད་ཀྱིས་བཤད་པ་དང་། ཁོང་གིས“ད་ཆ་ཐག་རིང་པོར་འགྲོ་མི་དགོས་པར་གྲོང་རྡལ་ནས་ལས་ཀ་འཚོལ་ཐུབ་ལ། ཟླ་རེའི་གླ་ཆ་ཡང་བརྟན་པོ་འདུག”ཅེས་བཤད།
སྒྲོག་འགྲེལ་བྱ་ཡུལ་འགྲམ་གྱི་སྲིད་ཇུས་བློ་འདྲི་དང་བདེ་ཐང་ཞབས་ཞུ་ས་ཚིགས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱི་ལས་དོན་པ་རྣམས་་འབྲོག་པ་མང་ཚོགས་ཀྱིས་མཐའ་བསྐོར་ཞིང་། ངོ་ཐུག་གདོང་འཕྲད་ཀྱིས་གསོ་སྤེལ་ལག་རྩལ་དང་རིམས་ནད་འགོག་བཅོས་སྐོར་གྱི་ཤེས་བྱ་རེ་རེ་བཞིན་བསླབ་པ་མ་ཟད། དམངས་ཕན་ཁ་གསབ་རེ་ཞུ་ཇི་ལྟར་བྱེད་དགོས་མིན་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། ཁྱེར་ཡོང་བའི་ལག་རྩལ་སློབ་དེབ་ཀྱང་དེ་མ་ཉིད་དུ་ཚང་མ་སྤྲད་ཟིན། ཤང་འཕྲོད་བསྟེན་ཁང་གི་སྨན་དོན་པས་རྒན་རྒོན་ལ་ཁྲག་ཤེད་དང་སྙིང་གི་འཕར་ཤུགས་ལྟ་བ་དང་། ངང་རྒྱུད་རིང་པོས་རྒྱུན་ཐོན་ནད་གཞི་འགོག་བཅོས་བྱེད་ཐབས་བསླབ་པ་མ་ཟད། བུད་མེད་ཚོར་མངལ་མ་ཆགས་གོང་གི་བརྟག་དཔྱད་དང་བྱིས་པའི་བདེ་སྲུང་ཤེས་བྱ་འགྲེལ་བཤད་རྒྱག་པ་བཅས་ལ་བྲེལ་བའི་རྣམ་པ་ཞིག་མངོན།
སྦྲ་ཆེན་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ལས་དོན་པ་སྒྲོལ་མ་ཆོས་འཛོམས་ཀྱིས“ས་མཐོའི་དགུན་དུས་གྲང་ངར་ཆེ་ཡང་། མང་ཚོགས་ལ་སྲིད་ཇུས་སློབ་སྦྱོང་དང་། འཕེལ་རྒྱས་དོན་དུ་གཉེར་བའི་སེམས་ཤུགས་ཆེན་པོ་འདུག” ཅེས་བཤད་པ་དང་། ཁོང་གིས“‘གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི’ལེགས་ཆ་བཏོན་ཏེ། ‘སྐོར་སྐྱོད་སློབ་ཚན’འབྲོག་ཁུལ་དུ་ཐད་ཀར་སྤོས་ནས་མང་ཚོགས་ཀྱིས་ཉན་ཐུབ་པ་དང་། གོ་བ་ལེན་ཐུབ་པ། དོན་འཁྱོལ་བྱེད་ཐུབ་པའི་བྱེ་སྟངས་ཐོག་ནས་ཏང་གི་གསུང་སྒྲ་མང་ཚོགས་ཀྱི་སེམས་སུ་དངོས་འབྲེལ་ཟུག་ཐུབ་པ་བྱེད་དགོས”ཞེས་བཤད།
སྦྲ་ཆེན་རྫོང་གི“སྦྲ་གུར་དྲིལ་བསྒྲགས་རུ་ཁག”གིས་རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུ”རྐང་འཛིན་དུ་བྱས་ཏེ། སྐད་ཆ་དང་ས་ཁོངས་ཀྱི་ཚོད་འཛིན་ལས་བསྒྲལ་ནས་སྲིད་ཇུས་སྒྲོག་འགྲེལ་ལ་ཆུ་ཚད་དང་བརྩེ་བ་ལྡན་པའི་སྒོ་ནས་དམངས་ཀྱི་དོགས་གནད་བསལ་བ་དང་དམངས་སེམས་གཅིག་ཏུ་བསྒྲིལ་ནས་དགུན་དུས་སུ་ས་མཐོའི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ་མ་ཟད། གྲོང་གསེབ་དར་རྒྱས་ཡོང་བར་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཀྱང་བསྣན་ཡོད།