ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གངས་ལྗོངས་ས་མཐོར་སྤྱོད་གཙང་དར། ཏང་ནན་སྐྱོང་གི་ལེའུ་གསར་བརྩམས།

སྤེལ་དུས 2025-11-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
——བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བའི་སྐོར་གྱི་སྒྲིལ་གླེང་།
  སླར་ཡང་ལོ་རེའི་དགུན་དུས་སུ་སླེབས་ཤིང་། གངས་ལྗོངས་ས་མཐོར་ནམ་མཁའ་གཡའ་དག་ཅིང་། རེ་བས་ཁེངས་པའི་ས་གཞིའི་ཐོག་ཕྱོཌ་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གོམ་སྟབས་བརྟན་པོས་ས་མཐོའི་འཕེལ་རྒྱས་ལ་གསོན་ཤུཌ་སྣོན་བཞིན་མཆིས།
  2025ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད། ཟླ་བ་བཅུ་པར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》ནང་ངེས་པར་དུ“རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས”ཞེས་ནན་བཤད་བྱས་ཡོད།
  རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས། ཏང་དར་རྒྱས་བྱུང་ཚེ་གཞི་ནས་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཏེ་ཚད་གཞི་ནན་པོ་དང་། བྱེད་ཐབས་དངོས། སྒྲིག་ཁྲིམས་ནན་པོ་བཅས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བ་དང་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་ཀྱིས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་རྫོགས་མཐའ་མེད་པ་བསྣན་ཡོད།
  བྱ་ཐབས་གསར་གཏོད་བྱས་ནས་བསམ་པའི་འཚོ་བཅུད་གསབ་པ།
  ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་དུ“བཅོས་སྐྱོང་གསར་གཏོད་བྱེད་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ”བཅས་ལ་དམིགས་པའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་ཞིག་ཚ་ཚ་འུར་འུར་ངང་སྤེལ་ཞིང་། ས་ཡུལ་དངོས་ལ་མི་ཚོགས་ཀྱིས་ཁེངས་པ་དང་། ལས་བྱེད་པ་དང་མང་ཚོགས་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སྒྲོག་འགྲེལ་ཉན་བཞིན་མཆིས། མཉམ་འགུལ་བྱེད་སྐབས། ཚང་མས་ལག་པ་བརྐྱངས་ནས་དྲི་བ་བཏོན་པ་དང་། སྒྲོག་འགྲེལ་པས་གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག་སྲིད་ཇུས་ལ་འགྲེལ་བཤད་རྒྱག་པ་དང་། འདྲི་བར་ལན་བརྒྱབ་པ་བརྒྱུད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་སྙིང་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།
  ཞིང་འབྲོག་ཁུལ་དུ། འབྲོང་པ་རྫོང་གིས“འབྲོག་ཁུལ+ཤང་དང་གྲོང་རྡལ”དང“གཏན་འཇགས་+སྐོར་སྐྱོད”སོགས་ཀྱི་བྱེད་སྟངས་གསར་གཏོད་བྱས་ནས“སྦྲ་གུར་སློབ་ཁང”བཀོད་སྒྲིག་བྱས་པ་རེད། ལྷ་རྩེ་རྫོང་གིས“མངགས་ཐོ་རྣམ་པའི”སྒྲོག་འགྲེལ་ཁྱབ་གདལ་བཏང་སྟེ་དགོས་མཁོ་གཞིར་བཟུང་སློབ་ཚན་གྲ་སྒྲིག་བྱས་ཡོད། མངའ་རིས་ས་ཁུལ་གྱིས་ཆ་འགྲིག་སློབ་སྐྱོར་དང་རི་མོའི་དེབ་སྟོན་པ་སོགས་ཀྱི་བྱ་ཐབས་ཐོག་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་བྱས་ཏེ་སྒྲོག་འགྲེལ་གྱི་དམིགས་སའི་རང་བཞིན་དང་ཡིད་དབང་འགུག་ནུས་ཆེ་རུ་ནུས་ལྡན་བཏང་ཡོད། རིམ་ཁག་སྒྲོག་འགྲེལ་ཚོགས་པ་ཞིང་ནང་དང་མུ་ཁ་དང་འབྲོག་ར་དང་སྦྲ་གུར་དུ་བསྐྱོད་དེ། མང་ཚོགས་ཚོས་ཉན་སྤྲོ་ཞིང་བལྟ་འདོད་པ་དང་དྲ་ཐོག་དང་དྲ་ཕྱི་གོམ་སྟབས་གཅིག་གྱུར་སོགས་ཀྱི་བྱེད་སྟངས་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་གསོན་ཉམས་དོད་པོས་རྒྱས་བཤད་བྱས་པ་དང་། ཕན་པ་གང་ནས་བྱུང་བ་དང་། ཕན་པ་སུ་ལ་ཐོབ་པ། དྲིན་ལན་སུ་ལ་འཇལ་དགོས་པ་བཅས་གསལ་བཤད་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས་དང་། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་དུང་གི་མོས་སེམས་བཅས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ཡོད།
  གཞི་རིམ་གྱི་སྒྲོག་འགྲེལ་པ་ཟླ་བ་ཚེ་རིང་གིས“ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་དམངས་ཕན་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་ཐེངས་རེར་མང་ཚོགས་ཚོས་ནན་ཏན་གྱིས་ཉན་པ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང”ཞེས་མྱོང་ཚོར་ཟབ་མོས་བརྗོད།
  རྩ་སྲ་རྨང་བརྟན་བྱས་ནས་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་བསྐྲུན་པ།
  ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སླེའུ་ཆུང་གྲོང་ཚོར་དེ་སྔ་ཐོན་ཁུངས་དཀོན་ལ་འགྲིམ་འགྲུལ་སྟབས་བདེ་མེད་པའི་དབང་གིས་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཡག་པོ་མེད། ཉེ་བའི་ལོ་ཤས་རིང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་ལྟེ་བར་བྱས་ཏེ“མང་བཞི་སྒྲིལ་བཞིའི”འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པ་དང་། ཉམས་ཞན་ནས་སྟོབས་ཆེར་འགྲོ་བར་སྐུལ་འདེད་བཏང་བས། དེ་སྔའི་གྲོང་ཚོ་ཉམས་ཞན་དེ་ཐོན་ལས་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོར་གྱུར་ཡོད།
  སླེའུ་ཆུང་གྲོང་ཚོའི་གྲུབ་འབྲས་ཐོབ་པའི་ལག་ལེན་ནི་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་ནུས་པ་བཏོན་ནས་ཏང་རྩ་འཛུགས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱིས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་བཙུགས་ནས། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཁག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་ས་ཆ་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་ཡོད།
  ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་གྲོང་ཚོ་ནས་ལེ་དབར་སྟོང་གི་མཐའ་མཚམས་ཀྱི་ལས་སྒྲུབ་སོ་ལྟ་ཁང་བར་དང་། དེང་རབས་ཁེ་ལས་ཀྱི་ཐོན་སྐྱེད་འཐབ་ས་དང་པོ་ནས་སྡེ་ཁུལ་དྲ་རྒྱའི་ཞབས་ཞུའི་སྐར་ཁུང་བར་བརྟན་ལ་སྟོབས་ཆེའི་གཞི་རིམ་ཏང་རྩ་འཛུགས་རེ་རེས་གསར་གཏོད་ནུས་ཤུགས་དང་། གོང་བུ་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ཆེན་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་བཞིན་ཡོད།
  བཟང་སྟོད་ངན་སྨད་བྱས་ནས་ས་མཐོའི་དམག་ཧྲག་བཏོད་པ།
  རང་ལྗོངས་ཀྱིས་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་མཐའ་འཁྱོངས་བྱས་ཏེ་མི་འདེམས་མི་སྤྱོད་ཀྱི་ཡང་དག་པའི་སྟོན་ཕྱོགས་བཙུགས་ཐོག བློ་དཀར་སྤྱོད་གཙང་དང་འགན་འཁྲི་འཁུར་བའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་བཙུགས་ཡོད།
  འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཤིང་། དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་དུ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རལ་གྲི་འཕྱར་ཕོད་པའི་ལས་བྱེད་པ་དེ་དག་ལ་གར་སྟེགས་ཡོད་པ་དང་ལས་གནས་གལ་ཆེན་ཐོག་བཀོད་སྒྲིག་བྱས་ཡོད། བརྒྱུད་རིམ་ལྡན་པའི་ངང་ལས་བྱེད་པའི་ཆབ་སྲིད་ཀྱི་འཇོན་ཐང་དང་འགན་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། མི་འདེམས་མི་སྤྱོད་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ། ལས་བྱེད་པའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་བྱ་ཐབས་མང་པོ་བརྒྱུད། ལས་བྱེད་པའི་དཔུང་ཁག་གི་ནང་སྐྱེས་སྒུལ་ཤུགས་དང་སྤྱི་ཡོངས་ཀྱི་གསོན་ཤུགས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་ཡོད།
  མངའ་རིས་ས་ཁུལ་གྱིས་ཏང་ཡོན་ལས་བྱེད་པའི“གསོ་སྦྱོང་ཆེན་མོ་དང་མཐོར་གཏོང་ཆེན་མོའི”བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས། ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་། “མཉམ་ལྔ་བརྟན་ལྔ”སོགས་ལ་སྣེ་ཁྲིད་བྱེད་པའི་གསོ་སྦྱོང་སྣ་ཚོགས་སྒྲིག་འཛུགས་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱུན་འཛིན་མཁན་ཡོད་པའི་རྩ་བའི་འཆར་གཞི་ཆེན་པོ་འདིར་དམིགས་ནས་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་བེད་སྤྱོད་ཀྱི་འཆར་འགོད་བཏོན་པ་དང་། གཞོན་ནུ་ལས་བྱེད་པ་འདེམས་བསྐོ་གསོ་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གྲུབ་ཆ་ལུགས་མཐུན་དང་། བྱང་ཚད་མཐོ་བ། གྲངས་འབོར་འདང་ངེས་བཅས་ཀྱི་ཕུལ་བྱུང་གཞོན་ནུ་ལས་བྱེད་པའི་དཔུང་ཁག་ཅིག་བཙུགས་ཡོད།
  དེ་དང་ཆབས་ཅིག རང་ལྗོངས་ཀྱིས་དོ་དམ་ནན་པོ་དང་གཅེས་སྐྱོང་ཆེན་པོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“ལས་མི་བྱེད་པ་དང་། ལས་འགྱངས་གཏོང་བ། ལས་ཉོག་བཟོ་བར”ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ་མ་ཟད། དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པར་དོ་ཁུར་དང་གཅེས་སྐྱོང་ཡང་བྱས་ཡོད། ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་། བཀག་སྡོམ་ཁུལ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་ཀྱིས་སྤྱོད་གཙང་དེ་བོད་ཀྱི་ཏང་ཡོན་ལས་བྱེད་པ་ཚོའི་མངོན་གསལ་དོད་ཤོས་ཀྱི་རང་མདངས་སུ་འགྱུར་བར་བྱས་ཡོད།
  ད་ཆ། གངས་ལྗོངས་ས་མཐོར་སྤྱོད་ཡོན་གཉིས་ལྡན་གྱི་ལས་བྱེད་པའི་དཔུང་ཁག་མང་པོ་འཚར་ལོངས་འབྱུང་བཞིན་ཡོད་ལ། བརྟན་ལ་སྟོབས་ཆེའི་གཞི་རིམ་གྱི་ཏང་རྩ་འཛུགས་རེ་རེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་ཤེས་ལྡན་པའི་སྒུལ་ནུས་རྒྱུན་ཆད་མེད་པར་སྣོན་བཞིན་ཡོད།