ཚན་རིག་རྟོག་ཞིབ་རུ་མིས་མཚོ་བོད་ས་མཐོའི་རི་སྐྱེས་མེ་ཏོག་ལ་པར་རྒྱག་ཐེངས་གཅིག་ལ་སྐྱེ་དངོས་དབྱེ་འབྱེད་དང་། གནས་ཚད་ཟིན་ཐོར་འགོད་པ། སྤྲིན་ཚོམ་ཐོག་བསྐུར་བ་བཅས་བྱེད་ཐུབ་པ་དེ་ཐོག་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་དཔེ་རྣམ་སྒྱུར་བཅོས་ཤིག་མཐའ་ཡས་སྤང་ཐང་དང་འཁྱགས་ཀླུང་དུ་སྤེལ་བཞིན་པ་མཚོན་གྱི་ཡོད། “ཤོག་བུའི་ཐོག་སྨྱུ་གུས་ཟིན་ཐོ་འགོད་པའི་འཚོལ་བསྡུ་བྱེད་སྟངས”ནས“AIཡིས་ཆ་འཕྲིན་ཡོངས་རྫོགས་འགྲེལ་བཤད་རྒྱག་པའི”བར་དང་། ལམ་ཐག་ལེ་དབར་སྟོང་ཕྲག་སྐྱོད་པའི“སྟེས་དབང་རྟོག་ཞིབ”ནས་དྲ་རྒྱ་ཅན་གྱི་གནད་སྨིན་ཚགས་བཤེར་བར་གྱི་འགྱུར་ལྡོག་ལས་ སླད་ཕྱིན་ཡུལ་སྐོར་བ་དཀྱུས་མ་ཞིག་ཀྱང“eཚན་རིག་རྟོག་ཞིབ”ཀྱི་APPབརྒྱུད་ནས“སྒྲིག་ཁོངས་ཕྱིའི་ཚན་རིག་རྟོག་ཞིབ་པར”འགྱུར་རེ་ཡོད། དེ་དག་ཚང་མ་ནི་མཚོ་བོད་ས་མཐོ་འདི་ཉིད“རིག་ལྡན་སྲུང་སྐྱོང་གི་དུས་རབས”སུ་སྐྱོད་འགོ་ཚུགས་པ་ཙམ་རེད།
ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལས་བརྒལ་བའི་མཚོ་བོད་ས་མཐོར་གྲང་འགོག་སྟོད་ཐུང་དང་རི་འཛེག་ལྷམ་གྱོན་པའི་ཚན་རིག་རྟོག་ཞིབ་རུ་མི་ཚོས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱས་ནས་ཚེ་སྲོག་རྩད་ཞིབ་ཀྱི་གྲངས་གཞི་ཐོ་འགོད་བྱེད་བཞིན་ཡོད།
ཁོང་ཚོས་ལག་ཏུ་ཡང་ཞིང་ཁྱེར་བདེ་བའི་རིག་ནུས་སྒྲིག་ཆས་བཟུང་སྟེ་རྩྭ་གསེབ་ཏུ་སྐྱེས་པའི་མེ་ཏོག་སྨུག་ཆུང་ཞིག་ལ་བརྙན་ཤེལ་གཏད་ནས་པར་བརྒྱབ། “ཁཱ་ཁྲ”ཞེས་པའི་སྒྲ་དང་བསྟུན་ནས“eཚན་རིག་རྟོག་ཞིབ”ཀྱི་APPཡི་འཆར་ཤེལ་ཐོག་འཕྲལ་དུ་རྩི་ཤིང་དེའི་མིང་དང་། ས་ཁམས་གནས་ཚད། ས་བབ་མཐོ་ཚད། འཚོལ་བསྡུའི་དུས་ཚོད། ཁྱབ་ཡུལ་སོགས་ཁོར་ཡུག་གི་གྲངས་གཞི་ཞིབ་ཕྲ་མངོན་གྱི་ཡོད། སྐར་ཆ་ཁ་ཤས་སོང་རྗེས། མཐོང་ཐོས་མྱོང་གྲུབ་ཀྱི་རྩ་ཆེའི་དཔྱད་གཞི་དེ་དག་སྲུང་སྐར་དྲ་རྒྱ་བརྒྱུད་དུས་ཐོག་ཏུ་སྤྲིན་ཚོམ་གྲངས་གཞིའི་མཛོད་ལ་བསྐུར་ནས་རྒྱལ་ཁབ་ཀྱི་ཚན་ཞིབ་དཔྱད་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་གྱི་ཡོད།
རིག་ནུས་ཅན་གཏིང་ཟབ་སྤྱད་པའི་AIདེ་ཉིད་ཚན་རིག་རྟོག་ཞིབ་ཀྱི“དོ་མེད་ལས་རོགས་པར”གྱུར་ཅིང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་སུན་ཧང་གིས། སླད་ཕྱིན་པར་རིས་དབྱེ་འབྱེད་དང་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད། སྐྱེ་དངོས་དབྱེ་འབྱེད་དེ་སྔོན་ཆད་ཀྱི་ཆུ་ཚོད་རིམ་པ་ནས་སྐར་ཆ་རིམ་པར་ཐུང་དུ་འགྲོ་རྒྱུ་དང་ཐ་ན་སྐྱེ་དངོས་ཁྱབ་ཚུལ་གྱི་ཆོས་ཉིད་དང་ཐོན་ཁུངས་རིན་ཐང་སྔོན་དཔག་ཀྱང་བྱེད་ཐུབ་པས། སྐྱེ་ཁམས་སྲུང་སྐྱོང་ལ་གནད་ལ་འཁེལ་བའི“ཕྱོཌ་སྟོན་མ་ལག”སྒྲིག་སྦྱོར་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།
“མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ང་ཚོར་ད་ཆ་ལྟ་བུའི་གསར་ལ་བརྒྱུད་རིམ་ལྡན་པའི་ངོས་འཛིན་ཞིག་བྱུང་མ་མྱོང”ཞེས་སུན་ཧང་གིས་མྱོང་ཚོར་ཟབ་མོས་བཤད། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སྤེལ་བ་ནས་བཟུང་། སྐྱེ་དངོས་རིགས་གསར་པ་3000ལྷག་ཙམ་ཁྱབ་བསྒྲགས་བྱས་ཡོད་པ་དེའི་ནང་སྲོག་ཆགས་རིགས་205དང་རྩི་ཤིང་རིགས་388ཡོད། དེ་དག་ལས་མིའི་རིགས་ཀྱིས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ངོས་འཛིན་གསར་པ་ཞིག་བྱུང་བ་མ་ཟད། ཐུན་མིན་གྱི་གཞི་རྒྱུ་འདུས་པའི་ནོར་མཛོད་ཅིག་དེ་བས་བསྐྲུན་ནས་སླད་ཕྱིན་ལོ་ཏོག་ལེགས་བཅོས་དང་སྨན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་ལ་འགག་རྩའི་རྒྱུ་ཆ་མཁོ་འདོན་བྱས་ཡོད།
ད་ལྟ་སྤེལ་བཞིན་པའི་ཚན་རིག་རྟོག་ཞིབ་ཀྱི་དཔེ་རྣམ་གསར་བརྗེ་ལས་སྐྱེ་དངོས་འདི་དག་བསྐྱར་དུ་ཤེས་རྟོགས་ཐུབ་པ་ཞིག་རེད་ལ། ལག་རྩལ་གྱིས་སྐུལ་འདེད་གཏོང་བའི་འཕོ་འགྱུར་འདིས་ཆེད་ལས་ཀྱི་བཀག་རྒྱ་རིམ་བཞིན་གཏོར་ནས་སྒོ་དབྱེ་དང་མཉམ་སྤྱོད་ཕྱོགས་སུ་སྐྱོད་བཞིན་ཡོད། མི་དཀྱུས་མ་ཚན་ཞིབ་ལ་ཞུགས་ཐུབ་མིན་འདྲི་སྐབས། སུན་ཧང་གིས་ཚོགས་པས་སྤྱི་དམངས་པར་མའི“eཚན་རིག་རྟོག་ཞིབ”ཀྱི་APPགསར་སྤེལ་བྱེད་བཞིན་ཡོད། སླད་ཕྱིན་ས་མཐོའི་ཡུལ་སྐོར་བ་ཚང་མས་བརྒྱབ་པའི་པར་རིས་སྐྱེ་དངོས་ལྟ་ཞིབ་ཚད་ལེན་ནང་བསྐུར་ན“སྒྲིག་ཁོངས་ཕྱིའི”ཚན་ཞིབ་རུ་མི་ཞིག་ཏུ་འགྱུར་ཐུབ་ཅེས་བཤད། དེ་དང་ཆབས་ཅིག་ཚན་རིག་རྟོག་ཞིབ་ཚོགས་པས“eཚན་རིག་རྟོག་ཞིབ”ཀྱི་རིག་ལྡན་ཚན་རིག་རྟོག་ཞིབ་མ་ལག་གི་ཆེད་ལས་པར་མ་དང་། སྤྱི་དམངས་པར་མ། སློབ་གསོའི་པར་མ་བཅས་པར་མ་ཆེན་པོ་གསུམ་འཛུགས་པར་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད། སྔོན་དཔག་བྱས་ན་2035ལོར་སླེབས་སྐབས། སྐྱེ་དངོས་རིགས་དབྱེ་དང་། ཐོན་ཁུངས་དཔྱད་དཔོག སྲུང་སྐྱོང་ཐབས་ཇུས་སོགས་ཀྱི་ལྷུ་ཚིགས་སུ་AIམཉམ་འདྲེས་གཏིང་ཟབ་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་དེ་ཕྱོགས་ཡོངས་ནས“རིག་ལྡན་དུས་རབས”སུ་སླེབས་ཐུབ་པ་བྱ་རྒྱུ་རེད།