ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས་ཉིང་པོ་རུ་གྲོང་ཁྱེར་གྱི་གཟུགས་བརྙན་ཁྱབ་གདལ་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
སྤེལ་དུས 2025-11-26
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཟླ་11ཚེས་14ནས་19ཉིན་བར། “བྱང་ཐང་གི་གཡུ་གཞུང་། མཛེས་པའི་འབྲི་རུ”ཞེས་པའི་གྲོང་ཁྱེར་གྱི་གཟུགས་བརྙན་ཁྱབ་གདལ་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་ཉིང་པོ་རུ་སྤེལ་ཞིང་། བྱང་ཐང་ས་མཐོ་དང་ཤར་རྒྱ་མཚོའི་འགྲམ་འབྲེལ་མཐུད་བྱེད་པའི་རིག་གནས་སྤེལ་རེས་བྱེད་སྒོ་དེ་རིག་གནས་ཡུལ་སྐོར་འོས་སྦྱོར་དང་། ཚོགས་སྒྲིག་འགྲེམས་འཚོང་། ཚོང་འགུག་ངོ་འཕྲད་གྲོས་མོལ་སོགས་ཀྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཉིང་པོ་དང་འབྲི་རུའི་དབར་གྱི་ལོ་ངོ་སུམ་ཅུ་ལྷག་ཙམ་གྱི་ཁ་གཏད་རོགས་སྐྱོར་གྱི་མཛའ་བརྩེ་དེ་ཕན་ཚུན་འགྲོ་འོང་ཁྲོད་སྔར་བས་ཟབ་ཏུ་ཕྱིན་ཡོད།
ཚེས་14ཉིན། འབྲི་རུ་རྫོང་གི་ཚོང་འགུག་དང་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཉིང་པོ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་འབྲི་རུའི་ཡུལ་སྐོར་འོས་སྦྱོར་དཔོན་གྱིས་གསའ་ཕུ་འཁྱགས་རོམ་གྱི་དྭངས་གཙང་མཛེས་ལྗོངས་དང་ཐང་བོད་གནའ་ལམ་གྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་སོགས་ལྟེ་བའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ལྷག་བསམ་ཟོལ་མེད་ངང་ཉིང་པོའི་གྲོང་མི་ས་མཐོར་གདན་ཞུ་བྱས་ཡོད། དུས་མཚུངས“ཀྲུང་གོའི་དབྱར་རྩྭ་དགུན་འབུའི་ཕ་ཡུལ། བོད་ལྗོངས་ཀྱི་འབྲི་རུ”ཞེས་པའི་སྨི་ངོས་གྲུ་130ཟིན་པའི་ཆེད་སྒྲིག་འགྲེམས་སྟོན་ཁང་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། དབྱར་རྩྭ་དགུན་འབུ་དང་ཚགས་ཤ་སྐམ་པོ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་དང་དེ་བཞིན་ཐང་ག་སོགས་སྤུས་ལེགས་ཀྱི“མངོན་མིན་རིག་གནས་ཤུལ་བཞག”གི་ལག་ཤེས་བཟོ་རྩལ་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ། ཉིང་པོའི་གྲོང་མིར་གཅིག་འཐུས་རྣམ་པའི“འབྲི་རུའི་བྲོ་བ”མྱོང་བ་དང་ཁྱད་ལྡན་དངོས་ཟོག་ཉོ་བའི་སྟེགས་བུ་བསྐྲུན་པ་མ་ཟད། ས་ཁུལ་གཉིས་ཀྱི་ཁྱད་ལྡན་ཐོན་ལས་ཐད་ཀྱི་མཉམ་ལས་ལ་སྦྲེལ་ཟམ་ཡང་བསྐྲུན་ཡོད།
གླེང་རིན་ཡོད་པ་ཞིག་ནི་དབྱིན་ཀྲོའུ་དང་འབྲི་རུས་བྱེད་སྒོ་སྤེལ་ཡུལ་དུ་རིག་གནས་ཡུལ་སྐོར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་ནས། ས་གནས་གཉིས་པོའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་མཉམ་སྤྱོད་དང་ཁྲོམ་ར་མཉམ་གཏོད་ལ་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།