ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་དུ་བརྟག་ཞིབ་གནང་བ།

སྤེལ་དུས 2025-11-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་11ཚེས་17ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཏང་འཛུགས་སྐྱོང་བྱེད་སྒོ་ཁང་དུ་ལས་བྱེད་ལས་བཟོ་ཚོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། ལས་བྱེད་ལས་བཟོའི་སློབ་སྦྱོང་དང་འབྲེལ་ཡོད་ལས་དོན་སྐོར་མཁྱེན་རྟོགས་ཀྱང་གནང་བཞིན་པ།
  ཟླ་11ཚེས་17ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དུ་བརྟག་ཞིབ་གནང་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
  ཝང་ཅུན་ཀྲེང་གིས་ཏང་འཛུགས་སྐྱོང་བྱེད་སྒོ་ཁང་དང་། འཆར་འགོད་ནོར་དོན་ཁྲུའུ། ལས་ཞུགས་སྐུལ་སྤེལ་ཁྲུའུ་བཅས་སུ་ཕེབས་ཏེ་ལས་བྱེད་ལས་བཟོ་ཚོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། སྤྱི་ཚོགས་འགན་སྲུང་དང་། སྤྱི་པའི་ཞབས་ཞུ། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གྲོས་འགོའི》ནང“དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ”བཏོན་པ་དང་།“སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་དགོས་པ”དང“སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ”སོགས་ཀྱི་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད། དེར་བརྟེན་མི་སྤྱི་ཁོངས་གཏོགས་ཀྱིས་འགན་ནུས་བཏོན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རྩལ་ནུས་གསོ་སྦྱོང་དང་། མི་དང་ལས་གནས་ཟླ་སྒྲིག མཁོ་སྤྲོད་སྦྲེལ་མཐུད་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཁྲིད་སྟོན་བྱེད་ཤུགས་ཆེ་རུ་དང་གནད་སྨིན་ཞབས་འདེགས་ཞུས་ཏེ་ལས་ཀ་འཚོལ་མཁན་གྱི་འདུ་ཤེས་སྒྱུར་བ་དང་བྱང་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
  དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་མི་སྤྱིའི་ལས་དོན་གྱི་སྙན་སེང་གསན་པ་དང་། ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་མི་སྤྱི་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ནན་ཏན་ངང་ལག་ལེན་བསྟར་བ་དང་རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་ཁས་ལེན་གནང་བ་རེད།
  ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རྒྱལ་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་སྒྲུབ་ཐུབ་ཉེར་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གྲོས་འགོའི》ནང་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་མི་སྤྱི་ཁོངས་གཏོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བརྟེན་ནས་མི་སྤྱིའི་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ། བློ་གྲོས་དང་སྟོབས་ཤུགས་དེ་དམིགས་ཚད་དང་ལས་འགན་ཁག་དོན་འཁྱོལ་བྱེད་པའི་ཐོག་གཅིག་སྒྲིལ་བྱེད་པ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལག་ལེན་ནང་ཞུགས་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་སྤྱིའི་ལས་དོན་ཡག་པོ་སྒྲུབ་པ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། རང་རྟོགས་ངང་སྤྱི་ཡོངས་ཁྲོད་དུ་ངེས་གནས་གནད་ལ་འཁེལ་པོ་འཚོལ་བ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཞབས་ཞུ་འགན་སྲུང་གི་འཇུག་སྒོ་དང་ཤུགས་རྒྱག་ས་གནད་སྨིན་ངང་འཚོལ་བ་བཅས་བྱས་ཏེ། གཙོ་གནད་ལས་འགན་ཁག་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་སྤྱི་ཁྱབ་ཁོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོས་ཏེ་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམིགས་ཏེ་འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་། སྔོན་དཔག་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་རྒྱུན་མཐུད་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བོད་ཀྱི་མི་སྤྱི་ཁོངས་གཏོགས་སུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཞབས་འདེགས་ཞུ་ཡུལ་དང་གཞི་རིམ་མང་ཚོགས་ལ་ཕྱོགས་ནས་སྣ་མང་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་བྱ་བ་ཆུང་ཙག་མི་སྤྱིའི་ལས་དོན་གྱི་དོན་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་དང་། བྱ་བ་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་བཙུགས་ཏེ། ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་རྒྱུར་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས། ཟ་མཁས་འཐུང་མཁས་ཀྱི་འཚོ་བ་སྐྱེལ་བའི་བསམ་བློ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་སེམས་ནང་འཇོག་པ་དང་འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཏེ་ལམ་ལུགས་བཟང་པོར་བརྟེན་ནས་སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་བྱེད་དགོས། སྤྱི་འདོམས་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་བརྟན་པོ་དང་། དམངས་འཚོར་ཕན་འདོགས་པ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་དངོས་སྒྲུབ་ལག་རྗེས་ལ་བརྟེན་ནས་མི་སྤྱིའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།