ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

སྤེལ་དུས 2025-11-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  གྲངས་གཞི་ལས་མངོན་པར། 2023ལོ་དང་2024ལོར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁག་སོ་སོར་9.5%དང་6.3%གྱི་འཕར་ཚད་ཐོག་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། 2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2070.06མངོན་འགྱུར་བྱུང་སྟེ་དུས་མཚུངས་ལས་7.1%འཕར་བ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.9ཡི་མཐོ་བ་ཡོད་པ་མ་ཟད། འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་སོགས། ཁ་གསལ་གྱི་གྲངས་གཞི་རེ་རེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་བོད་ཀྱི་གྲུབ་འབྲས་གང་ལེགས་མངོན་ཡོད།
  ཁོར་ཡུག་བཟང་པོའི་ཁྲོད་དུ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་བཏང་བ།
  ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་བཏོད་པ་དང་། བརྟན་ཁྲོད་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིར་ན་བརྟན་པོ་བྱུང་ཡོད་པ་རེད།
  ཉེ་བའི་ལོ་ཤས་རིང་། བོད་ཀྱིས་དངོས་ཚན་དཔལ་འབྱོར་ལ་གཞི་ཚུགས་ནས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་དངོས་ཚན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
  2025ལོའི་ཟླ་11ཚེས་13ཉིན། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ལས་གྲྭ་གལ་ཆེན་དང་རང་རྒྱལ་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་ས་བབ་མཐོ་ཤོས་ཀྱི་ཨར་འདམ་ཉིས་གུག་གི་གཞུ་དབྱིབས་ཆུ་རགས་གློག་ཁང་སྟེ་ཧྭ་གློག་ཅིན་ཧྲང་ཡེར་པ་ཐང་ཆུ་ཤུགས་གློག་ཁང་གི་ཆུ་སྒོ་བཀག་ནས་ཆུ་གསོག་བྱས་ཏེ་འཕྲུལ་ཚན་ཐོག་མ་ཐོན་སྐྱེད་བྱེད་འགོ་ཚུགས་པའི་གློག་འདོན་འཁོར་རྒྱུག་གྲ་སྒྲིག་གི་དུས་མཚམས་ལ་དངོས་སུ་སླེབས་ཡོད།
  རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ཁྲལ་དོན་སྡེ་ཚན་གྱིས“གཙོ་འགན་གཙོ་ལས”ལ་དམིགས་ནས་ཞབས་ཞུའི་བྱེད་ཐབས་མུ་མཐུད་དུ་ལེགས་སུ་བཏང་སྟེ། རྣམ་གྲངས་འཛུགས་སྐྲུན་གྱི་ལྷུ་ཚིགས་ཁག་ཏུ་ཁེ་ལས་ལ་རང་འགུལ་ངང་སྒྲིག་སྲོལ་དང་མཐུན་པའི་རེ་ཞུ་བྱེད་པ་དང་དུས་ཐོག་ཏུ་དཔྱ་ཁྲལ་དང་འབྲེལ་བའི་ཉེན་ཁ་སེལ་བའི་དྲན་སྐུལ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྲུང་སྐྱོང་བྱས་པ་རེད།
  དེ་ནི་རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་བ་དང་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུས་པའི་དཔེ་མཚོན་ཞིག་རེད།
  “ད་ཆ་ཀུང་སི་འཛུགས་པ་དང་། ཐོ་སྒྱུར་བ། ཐོ་གསུབ་པ་སོགས་ཚང་མ་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་སྤྱི་པའི་ཞབས་ཞུའི་གཙོ་ཆེའི་དྲ་ཚིགས་བརྒྱུད་ནས་སྒྲུབ་ཆོག་པས་ཞིབ་མཆན་འགོད་ཡུན་མྱུར་བ་མ་ཟད། ལས་སྒྲུབ་མྱོང་ཚོར་ཡང་ཧ་ཅང་ཡག་པོ་འདུག”ཅེས་བོད་ལྗོངས་སྐྱིད་དར་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་འགན་འཁུར་བ་བཀྲ་དར་གྱིས་བཤད།
  བོད་གནམ་ས་ལྗང་མདོག་བཏུང་བྱ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ནོར་བུ་ཚེ་རིང་གིས“སྲིད་ཇུས་བཟང་པོ་ནི་ང་ཚོའི་ཁེ་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་ཤོས་ཡིན”ཞེས་བཤད། ཀུང་སི་དེ་བཙུགས་པ་ནས་བཟུང་རིམ་རྩིས་བརྒྱབ་ན། གནས་གཏན་འཁེལ་ངང་ནས་ཏུན་ཁྲི་ལྷག་ཙམ་ཉོ་སྒྲུབ་བྱས་པས་ཞིང་པར་འབབ་འཕར་སྒོར་ཁྲི་800ལྷག་ཙམ་བྱུང་བ་དང་ཐོན་རྫས་ཀྱི་ཐོན་འབབ་ཏུན་ཁྲི་68ཟིན་ཡོད་པ་རེད། “གྲུབ་འབྲས་དེ་དག་ཚོང་གཉེར་ཁོར་ཡུག་བཟང་པོ་དང་འབྲེལ་ཡོད་སྡེ་ཚན་གྱི་རོགས་རམ་དང་ཁ་འབྲལ་ཐབས་མེད”ཅེས་ནོར་བུ་ཚེ་རིང་གིས་བཤད།
  མིག་སྔར། རང་ལྗོངས་ཀྱིས་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། མཐོ་གསར་གྲངས་འཛིན། རིག་གནས་ཡུལ་སྐོར། དེང་རབས་ཞབས་ཞུ། བོད་ཀྱི་གསོ་བ་རིག་པ། མཐའ་མཚམས་ཟོག་འགྲེམས། རྒྱུན་སྤྱོད་མཁའ་འགྲུལ་བཅས་ལྟེ་བར་བྱས་པའི་ཐོན་ལས་མ་ལག་ཆེན་པོ་དགུ་བཙུགས་ཡོད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་ལག་བསྟར་བྱས་པ་བརྒྱུད། རང་ལྗོངས་ཀྱི་དངོས་ཚན་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་ཡོད།
  བྱེད་ཐབས་མང་པོ་སྤྱད་དེ་འཛད་སྤྱོད་ཀྱི་གདེང་ཚོད་འཕེལ་བ།
  འཛད་སྤྱོད་ཀྱི་སྣེ་གཅིག་དཔལ་འབྱོར་དང་འབྲེལ་བ་ཡོད་པ་དང་སྣེ་གཅིག་ཤོས་ནི་དམངས་འཚོ་དང་འབྲེལ་བ་ཡོད་པས། དེ་ནི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད་ལ། མཛེས་སྡུག་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཐད་ཀར་མཚོན་པ་ཞིག་དེ་བས་ཀྱང་རེད།
  ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ལྷ་ས་པེ་ཅིང་དཀྱིལ་ལམ་ཉིང་ལག་དངུལ་ཁང་གི་ལས་གཉེར་ཚོམས་ཆེན་དུ་གྲོང་མི་སྒྲོལ་མ་ཆོས་སྒྲོན་གྱིས་ལས་དོན་པའི་མཛུབ་ཁྲིད་འོག་བློ་རྩེ་གཅིག་སྒྲིམ་ངང་ལག་ཐོགས་ཁ་པར་ངོས་ཀྱི“འཛུགས་སྐྲུན་དངུལ་ཁང་གི་འཚོ་བ”APPནང་གི་འཛད་སྤྱོད་འཛིན་ཤོག་གི་རྟགས་རིས་ལ་ལྟ་བཞིན་མཆིས། ལས་དོན་པས་སྒྲོལ་མ་ཆོས་སྒྲོན་ལ“གཟིགས་དང་། ཁྱིམ་སྤྱོད་གློག་ཆས་དང་བཟའ་བཏུང་ཐད་འཛིན་ཤོག་བླངས་ནས་སྤྱད་ན་དངུལ་མི་ཉུང་བ་ཞིག་གྲོན་ཆུང་བྱེད་ཐུབ”ཅེས་བཤད། དེ་ནས་མཛུབ་མོས་གནོན་ཙམ་བྱས་པ་ན་འཛིན་ཤོག་དེ་སྐད་ཅིག་ཙམ་ལ“ཁུག་མའི་ནང་དུ་སླེབས།
  2025ལོའི་ཟླ་4པ་ནས་ཟླ་6པའི་བར་བསྡོམས་འབོར་སྒོར་ཁྲི་1300ཙམ་ཟིན་པའི་འཛད་སྤྱོད་འཛིན་ཤོག་ནི་སྦྲང་ཆར་ཟིལ་མ་བབས་པ་བཞིན་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས། སིལ་འཚོང་བཟའ་བཏུང་། རླངས་འཁོར་ཕྱིར་འཚོང་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་གནད་སྨིན་ངང་ཁྱབ་ཡོད།
  ད་ལོ་ནས་བཟུང་། རང་ལྗོངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་སྲིད་ཇུས་དང་བྱེད་ཐབས》དཔར་འགྲེམས་བྱས་པ་དང་། ཚོང་དོན་སྡེ་ཚན་གྱིས་འཛད་སྤྱོད་སྐུལ་སྤེལ་གྱི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་སེམས་ནུས་གཅིག་སྒྲིལ་དང་ཐུན་མོང་མཉམ་ལས་བྱས་ནས་འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་གྱི་ཐབ་ཚང་དང་གསང་སྤྱོད། 3Cགྲངས་འཛིན། གློག་སྒུལ་རྐང་འཁོར་སོགས་ཁྱབ་ཁོངས་མང་པོར་འབྲེལ་བ་དང་། དུས་མཚུངས་སུ“བདེ་སྐྱིད་བོད་ལྗོངས·འཚོ་བ་ལོངས་སྤྱོད”ཅེས་པའི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་སྤེལ་ཞིང་། ལོ་སྟོད་ཁོ་ནར་བྲིན་འཚོང་བྱེད་སྒོ་ཐེངས་200ལྷག་ཙམ་སྤེལ་ནས་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ནུས་ལྡན་ངང་འཕེལ་བར་བྱས་ཡོད། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ནས་འཛད་སྤྱོད་པའི་གདེང་ཚོད་དང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འཕེལ་བར་བྱས་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་ཟོག་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་768.46ཟིན་པ་དེ་དུས་མཚུངས་ལས་4.5%འཕར་ཡོད་པ་རེད།
  ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་བ།
  ད་ལོའི་ཟླ་3པར་གཞིས་རྩེ་ནས་ཨེ་ཤེ་ཡ་ལྷོ་མའི་ཟོག་སྐྱེལ་རླངས་འཁོར་སྐྱོད་ཐེངས་དང་པོའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་150འགྲམ་འགག་སྒོ་བརྒྱུད་ནེ་པ་ལར་དབོར་ཡོད།
  ཉེ་ཆར། མངའ་རིས་ས་ཁུལ་གྱི་ཁག་དང་པོའི་གངས་རིན་པོ་ཆེའི་རང་བྱུང་འཁྱགས་རོམ་གཏེར་ཆུ་སྒམ་2000བདེ་བླག་ངང་ནེ་པ་ལའི་ཀ་ཏ་མན་རྡུ་རུ་དབོར་བ་རེད།
  ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་གཞོན་པ་ལི་སུང་གིས། ལོ་མང་རིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་བརྟེན་ནས་མིག་སྔར་རང་ལྗོངས་སུ་དངོས་སུ་སྒོ་མོ་ཕྱེ་བའི་རྒྱལ་ཁབ་རིམ་པའི་འགག་སྒོ་ཁག་5ཡོད་པ་དང་། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་སོགས་སྒོ་དབྱེའི་མཐོ་ས་བསྣན་པས“ཀྲུང་གོའི་བཟོ་སྐྲུན”ཕྱི་རྒྱལ་དུ་གཏོང་བའི་བགྲོད་ལམ་གལ་ཆེན་དུ་གྱུར་ཡོད། མིག་སྔར། བོད་ཀྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་བར་རྒྱ་སྐྱེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
  སྒོ་དབྱེ་བྱས་པ་ལས་བོད་ཀྱི་སྲོལ་རྒྱུན་གྱི་ཁྱད་ལྡན་ཐོན་རྫས་སྣམ་བུ་ལྟ་བུ་ཡང་བྲིན་ཁ་རྒྱུག་ཅིང་། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི“ཨ་ཅག་སྐལ་བཟང་བཟོ་ཁང”གི་འགན་འཁུར་བ་སྐལ་བཟང་སྒྲོལ་མས་གསར་འགོད་པར“ངས་གཅེན་གཅུང་ཚོ་དང་མཉམ་དུ་བཏགས་པའི་སྣམ་བུ་ཕ་རི་སིའི་དར་སྲོལ་འགྲེམས་ཚོགས་སུ་འདོན་ཐུབ་པ་ནི་རྨི་ལམ་དུའང་གཏོང་མ་མྱོང”ཞེས་བརྗོད་ཅིང་། 2023ལོ་དང་2024ལོར་སྐལ་བཟང་སྒྲོལ་མས་གདན་ཞུས་ལྟར་ཕ་རི་སིར་སྣམ་བུའི་འཐག་རྩལ་འགྲེམས་སྟོན་བྱེད་པར་ཐེངས་གཉིས་བསྐྱོད་པ་རེད། ད་ལྟ“ཨ་ཅག་སྐལ་བཟང་བཟོ་ཁང”གིས་བཏགས་པའི་སྣམ་བུ་ཧྥ་རན་སེ་དང་། ཨ་རི། དབྱི་ཐ་ལི་སོགས་རྒྱལ་ཁབ་12ལ་ཕྱིར་གཏོང་བྱས་ཡོད། སྐལ་བཟང་སྒྲོལ་མས“ཕྱི་རྒྱལ་དུ་བཙོངས་ཐུབ་པས་དངོས་གནས་ཡག་པོ་འདུག སྣམ་བུའི་ལག་ཤེས་སླར་ཡང་དར་འཕེལ་བྱུང་སོང”ཞེས་དགའ་ཚོར་ཆེན་པོས་བཤད།
  གསར་འགོད་པས་ལྷ་སའི་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པ་ལྟར་ན། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་ཁྱད་ལྡན་ཐོན་རྫས་གང་སར་ཕྱིར་གཏོང་བྱས་ཤིང་། དབྱར་རྩྭ་དགུན་འབུ་དང་། ཁ་ཆེ་ཤ་སྐམ། ས་མཐོའི་གཏེར་ཆུ་སོགས“བོད་ཀྱི་མིང་ཅན”གྱི་ཁྱད་ལྡན་ཐོན་རྫས་ཁག་གཅིག་རྒྱལ་སྤྱིའི་ཁྲོམ་རར་བཏོན་ནས་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་མིང་བྱང་གསོན་པོ་ལྟ་བུར་གྱུར་ཡོད།
  གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ཀྱིས་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་བ་མི་ཐེངས་ཁྲི་35.67ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་33.45%འཕར་ཡོད།
  ད་ཆའི་བོད་ལྗོངས་ཀྱིས་སྒོ་དབྱེའི་ཉམས་བཟང་ལ་བརྟེན་ནས་འཛམ་གླིང་དང་འབྲེལ་འདྲིས་བྱེད་བཞིན་ཡོད།