ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དམངས་དང་མཉམ་དུ་དཀའ་བ་སྤྱད། རང་འཁྲིའི་ལས་འགན་ཧུར་ཐག་བསྒྲུབས།

སྤེལ་དུས 2025-12-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
——གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཐབ་ས་དང་པོའི་མཐོང་ཐོས་སྐོར་བཀོད་པ།
  རླངས་འཁོར་ལ་བསྡད་དེ་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ལ་སྐྱོད་སྐབས། ཚོས་གཞི་སྣ་གསུམ་གྱིས་བརྒྱན་པའི་་དམིགས་བསལ་ཁྱད་ཆོས་ལྡན་པའི་ཁང་གསར་སྟར་པ་རེ་རེ་མིག་ལམ་དུ་འཆར་འོང་ལ། དཀར་ཆ་དོད་པའི་སྒེའུ་ཁུང་ནས་དགའ་བའི་དགོད་སྒྲ་ལྷང་ལྷང་དུ་གྲགས་འོང་།
  ཉེ་ཆར། དམངས་ཀྱི་སྡོད་ཁང་རྩིས་སྤྲད་པ་དང་བསྟུན་ནས་མང་ཚོགས་ཚང་མ་ཁང་གསར་ནང་སྤོས་ཡོད་པ་དང་། གཞི་རིམ་ཏང་ཡོན་ལས་བྱེད་པའི་སེམས་ཀྱི་ཁུར་པོ་ཡང་གཞི་ནས་ལྷོད་དུ་བབས་ཡོད།
  གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། རང་ལྗོངས་ཀྱི་གོང་ནས་འོག་བར་འགན་གཙང་འགན་ལེན་གྱི་ལྟ་སྐུལ་མ་ལག་བཙུགས་ཤིང་། གྲོང་ཁྱེར་གྱིས་རྫོང་འགན་ལེན་དང་། རྫོང་གིས་ཤང་འགན་ལེན། ཤང་གིས་གྲོང་ཚོ་འགན་ལེན་བཅས་བྱས་ནས། གྲོང་ཚོ་འགན་ལེན་གྱི་ལས་བྱེད་པ་836ཚང་མ་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་བཅའ་སྡོད་ཀྱིས་ཨར་སྐྲུན་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་ཚད་ལེན། ཨར་ལས་རྒྱུ་ཆ་མཁོ་སྤྲོད་འགན་ལེན། ཁང་པ་རྙིང་པ་བཤིག་པ་སོགས་ཀྱི་ལས་དོན་བསྒྲུབས་ཏེ། ཨར་ལས་ཀྱི་མྱུར་ཚད་ལ་དུས་ཐོག་ཏུ་རྗེས་སྙེག་དང་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་པས་གོང་འོག་སྦྲེལ་མཐུད་དང་། ཕྱོགས་མང་མཉམ་འགུལ། གནས་ཁྱོན་མཐུན་སྦྱོར་བཅས་ཀྱི་བསྐྱར་སྐྲུན་གྱི་ཚ་རླབས་ཤིག་འཕྱུར་བར་བྱས་ཡོད།
  གྲོང་ཚོ་འགན་ལེན་གྱི་ལས་བྱེད་པ་དང་ས་སྐྱ་གྲོང་རྡལ་སྲིད་གཞུང་གི་རིམ་པ་བཞི་པའི་བརྟག་ཞིབ་པ་ཕུར་བུ་ཚེ་རིང་ས་སྐྱ་གྲོང་རྡལ་རྫོང་མགོ་སྡེ་ཁུལ་གྲོང་ལྷན་ནས་གསར་འགོད་པར་ཐུག་བྱུང་། ཁོང་གྲོང་ཚོའི་ལམ་ཆུང་ནས་ཁ་གཏད་དུ་འོང་བཞིན་ཡོད་པ་དང་། གཟུགས་པོ་སྐམ་ལ་སྟོད་ཅུང་ཙམ་སྒུར་འདུག
  ཕུར་བུ་ཚེ་རིང་གིས་རྫོང་མགོ་སྡེ་ཁུལ་གྱི་དུམ་བུ་56པའི་བསྐྱར་སྐྲུན་མཐུན་སྦྱོར་དང་ལྟ་སྐུལ་ལས་ཀའི་འགན་འཁུར་བཞིན་ཡོད། མ་གཞི་ལོ་ལྔ་བཅུ་ཡོལ་ཟིན་ཡང་། དིང་རིར་ས་ཡོམ་བརྒྱབ་པ་ནས་བཟུང་ཁོང་སྔ་བར་ཕྱི་གསུམ་དུ་གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་བསྡད་ཡོད།
  དུམ་བུ་56པར་གྲོང་ཚོ་གསུམ་གྱི་སྡོད་ཁང་ཡོད། བསྐྱར་སྐྲུན་བྱེད་རིང་། ཁང་པ་ཁག་གཅིག་རྒྱག་ས་ཡག་པོ་མེད་པ་དང་། ས་ངོས་ཀྱི་གཟར་ཚད་མཐོ་བ། ས་ལེན་གདུང་མ་དང་ས་ངོས་དབར་གྱི་བར་སྟོང་ཆེ་བ་བཅས་ཀྱིས་ཨར་ལས་ཀྱི་སྤུས་ཚད་དང་མྱུར་ཚད་ལ་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་དཀའ་ངལ་འཕྲད་ཡོད། མང་ཚོགས་ཀྱི་བསམ་བློའི་ལས་དོན་གང་མགྱོགས་ཡག་པོ་བསྒྲུབས་ནས་ལས་ཡུན་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། ཕུར་བུ་ཚེ་རིང་གིས་འཕྲལ་དུ་སྡེ་ཁུལ་གྱི་ངལ་ནུས་རྩོད་གཞི་དང་གྲོང་པ་ཁྱིམ་མཚེས་དབར་གྱི་རྩོད་གཞི་སོགས་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཁར། སྟར་པ་ཧྲིལ་པོ་བསྐྱར་སྐྲུན་སྐབས་ཐོན་པའི་ཁང་པའི་རྒྱ་ཁྱོན་དང་། ཞེང་ཚད། མཐོ་ཚད་བཅས་གཅིག་མཐུན་མེད་པ་དང་དེ་བཞིན་མང་ཚོགས་ཀྱི་འདུན་ཞུ་མི་འདྲ་བ་སོགས་ལས་ཐོན་པའི་རྩོད་གཞིར་དམིགས་ཏེ། ཁོང་གིས་སུན་སྣང་སྤུ་ཙམ་མེད་པར་ངང་རྒྱུད་རིང་ཞིང་ཞིབ་ཚགས་པོའི་སྒོ་ནས་སྲིད་ཇུས་སྒྲོག་འགྲེལ་དང་མང་ཚོགས་ཀྱི་བསམ་ཚུལ་ལ་གསེད་དཀྲོལ་བྱས་ནས། ཨར་པོ་མ་ཚར་བར་བསྐྱར་སྐྲུན་ལས་ཀར་ཤུགས་རྐྱེན་ཐེབས་སྲིད་པའི་འགལ་བ་དང་རྩོད་གཞི་ཁག་40ལྷག་ཙམ་འདུམ་འགྲིག་བྱས་ཡོད།
  ཉེན་འགོག་གྱང་བརྩིག་རྒྱུ་ནི་རྫོང་མགོ་སྡེ་ཁུལ་གྱི་ངོས་ནས་བརྗོད་ན་དེ་སྔོན་ནས་འཕྲད་པའི་དཀའ་གནད་ཅིག་རེད། གནད་དོན་དེ་ཐག་གཅོད་ཇི་ལྟར་བྱེད་པའི་ཐད་ལ། ཕུར་བུ་ཚེ་རིང་གིས“མང་ཚོགས་རང་འགུལ་ངང་ཞུགས་པ་དང་དང་བླངས་ཞབས་ཞུ་ཟུང་དུ་འབྲེལ་བའི”བྱེད་སྟངས་བཏོན་ནས་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་བའི་ཐོག་ཞིང་དུད་རྣམས་རང་ཁྱིམ་གྱི་ཁང་པའི་ཉེན་འགོག་གྱང་བརྩིག་པར་འོང་རྒྱུར་སྐུལ་སློང་བྱས་ཡོད། ངལ་རྩོལ་ནུས་ཤུགས་མེད་ཅིང་དཀའ་ངལ་ཆེ་བའི་དུད་ཚང་ལ་ཁོང་གིས་སྡེ་ཁུལ་ཚན་ཁག་གི་ཁོངས་མི་དང་། གྲོང་སྡོད་རུ་མི། གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ། དུམ་བུ་འགན་གཙང་ལེན་མཁན་ལས་བྱེད་པ་བཅས་སྐུལ་སློང་དང་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། མི་30ལས་གྲུབ་པའི་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་ཅིག་བཙུགས་ནས་གྱང་རྩིག་རོགས་བྱས་ཡོད།
  བྱ་ཐབས་དེས་ཨར་ལས་ཀྱི་དཀའ་གནད་ཐག་གཅོད་ཐུབ་པ་མ་ཟད། ཨར་པོའི་མྱུར་ཚད་མགྱོགས་སུ་ཕྱིན་ལ། ལས་གྲྭའི་སྤུས་ཚད་ཀྱང་འགན་ལེན་བྱུང་ནས་ཚང་མའི་གདེང་འཇོག་ཡག་པོ་ཐོབ་སྟེ། བྱ་ཐབས་དེ་གྲོང་ཁྱེར་ཡོངས་ཀྱི་གནོད་འཚེ་ཕོག་པའི་རྫོང་དྲུག་ལ་ཁྱབ་གདལ་བཏང་ཡོད།
  ས་སྐྱ་གྲོང་རྡལ་སྲིད་གཞུང་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཡོན་ཏན་ཕུན་ཚོགས་ནི་ཏང་ཡོན་ཞིག་རེད་ལ། ས་སྐྱ་གྲོང་རྡལ་རྫོང་མགོ་སྡེ་ཁུལ་གྱི་དུམ་བུ་55པ་དང་56པའི་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པའང་རེད། བཅར་འདྲི་བྱེད་རིང་ཁོང་གིས་ལུས་འབྱར་དུ་འཁྱེར་བའི་ཟིན་བྲིས་དེབ་དེར་གསར་འགོད་པས་དོ་སྣང་བྱུང་།
  ཡོན་ཏན་ཕུན་ཚོགས་ཀྱིས་ཟིན་བྲིས་དེབ་ཁ་ཕྱེ་ཞོར“འབྲི་དེབ་འདི་ཁེངས་གྲབས་བྱེད་ཀྱི་འདུག འདིའི་ནང་ངས་ཁྱིམ་ཚང་མི་རེ་ངོ་རེའི་གནས་ཚུལ་ཞིབ་ཕྲ་དང་བསྐྱར་སྐྲུན་བྱེད་རིང་འདུམ་འགྲིག་བྱས་པའི་འགལ་བ་དང་རྩོད་གཞི་དག་བཀོད་ཡོད། དཔེར་ན་ཁྱིམ་ཚང་འདི་ནི་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་མང་ཤོས་ཀྱི་གྲས་རེད། ང་ཚོ་འདུམ་འགྲིག་བྱེད་པར་སྔ་རྗེས་སུ་ཐེངས་20ལྷག་ཙམ་ཕྱིན་པ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།
  ཉེ་བའི་ལོ་ཕྱེད་ཙམ་རིང་ཡོན་ཏན་ཕུན་ཚོགས་ཀྱིས་ཁྱིམ་ཚང་སོ་སོའི་ཁང་པ་རྒྱག་སའི་ས་ཆ་འདེམས་པ་དང་། ཐིག་རྒྱག་པ། ས་གཤོང་བ། གྱང་སློང་བ། ཐོག་འགེབས་པ་སོགས་འགག་རྩའི་ལྷུ་ཚིགས་ཚང་མར་ཞུགས་མྱོང་བ་མ་ཟད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་ཏན་བྱེད་པ་དང་། ཨར་ལས་ཀྱི་བདེ་འཇགས་དང་། སྤུས་ཚད། མྱུར་ཚད་བཅས་ལ་ལྟ་སྐུལ་བྱས་ནས་ལྟ་སྐུལ་དོ་དམ་དང་ཕྱོགས་ཀ་པའི་འཐུས་མིར་ལས་རིམ་ཞིབ་བཤེར་རྩིས་ལེན་བྱེད་པར་གཞོགས་འདེགས་བྱས་ཡོད། ཁོང་ནི་རྫོང་མགོ་སྡེ་ཁུལ་གྱི་ས་ཆ་ཚང་མར་འགྲོ་མྱོང་ཡོད།
  གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་ཏང་ཡོན་ལས་བྱེད་པ་ཚོས་བརྩེ་བ་ཡོད་ཚད་གེགས་ཁུལ་གྱི་མང་ཚོགས་ལ་བཅངས་པ་དང་སེམས་ནུས་ཡོད་རྒུ་བསྐྱར་སྐྲུན་བྱ་བར་བཞག་ཡོད། ཁོང་ཚོས་རང་འགུལ་ངང་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་ལ་ལྟ་རྟོག་དང་དུས་ཆེན་དང་ངལ་གསོའི་དུས་ཚོད་བློས་བཏང་ནས་ཉིན་མཚན་དབྱེར་མེད་ངང་དཀའ་སྤྱད་ལས་སྒྲུབ་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་དང་འཛུགས་སྐྲུན་གྱི་དགོས་མཁོ་ལས་ཀའི་ཁ་ཕྱོགས་སུ་བརྩིས་ནས་ཨར་པོ་བ་ཚོ་དང་མཉམ་དུ་ལས་ཡུལ་དུ་མཉམ་ཟ་མཉམ་སྡོད་བྱེད་པ་དང་། སྲིད་ཇུས་དྲིལ་བསྒྲགས་དང་། ཨར་ལས་རྒྱུ་ཆ་འགན་ལེན། ཨར་ལས་འཕྲུལ་ཆས་འགན་ལེན། ལས་མི་འགན་ལེན། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། འགལ་བ་དང་རྩོད་གཞི་འདུམ་འགྲིག ལས་མཇུག་འགྲིལ་རྗེས་ཀྱི་ཞིབ་བཤེར་རྩིས་ལེན་སོགས་ལྷུ་ཚིགས་ཁག་ལ་དམ་པོར་དམིགས་ཏེ། དངོས་སྒྲུབ་དང་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་ལ་བརྟེན་ནས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱས་ཡོད།