ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ནག་ཆུར“འབྲོག་པ་གསར་གཏོད་མཁས་ཅན”ཞིག་ཡོད།

སྤེལ་དུས 2025-12-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་དུས་འཚོགས་པའི་ནག་ཆུ་གྲོང་ཁྱེར་གྱི་འབྲོག་ལས་ཐོན་རྫས་འགྲེམས་ཚོང་ཚོང་འདུས་སྐབས་བཅོ་བརྒྱད་པའི་ཐོག ཁྱད་མཚར་བའི་གློག་སྒུལ་སྤུན་དོག་འཁེལ་ཆས་ཤིག་གིས་མི་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཅིང་། དེ་ནི་གློག་འདྲེན་སྒྲིལ་སྐུད་དང་། གློག་ཁུངས། ཞབས་སྟེགས་བཅས་ལས་གྲུབ་པ་དང་། གྲུབ་ཆ་སྟབས་བདེ་རུང་རང་འགུལ་སྤུན་དོག་འཁེལ་བ་དང་སྤུན་དོག་དཀྲིས་ནུས་ལྡན་པས་འགྲེམས་ཚོང་ཚོང་འདུས་ལ་སྐད་གྲགས་ཆོད་ཡོད།
  དེ་གསར་གཏོད་བྱེད་མཁན་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་ལོ་29ལ་སླེབས་པའི་འབྲོག་པ་ཚེ་དབང་ཆོས་འཕེལ་ཡིན།
  ཚེ་དབང་ཆོས་འཕེལ་འབྲོག་ཁུལ་དུ་འཚར་ལོངས་བྱུང་ཞིང་། ཕ་མེས་ཚང་མས་དེ་གར་ཕྱུགས་འཚོས་ནས་འཚོ་བ་བསྐྱལ་བ་ཡིན། ཆུང་དུས་ནས་ཕ་མ་དང་མཉམ་དུ་འབྲོག་ཁུལ་གྱི་འཚོ་བའི་མཁོ་ཆས་སྣ་མང་སྤྱོད་མྱོང་བའི་ཁོང་གིས་སྤུན་དོག་འཁེལ་བའི་དཀའ་སྡུག་གསལ་པོར་རྟོགས། “སྦྲ་གུར་བཟོ་བ་ཡིན་ནའང་འདྲ་ཡང་ན་ཁ་གདན་འཐག་པ་གང་ཞིག་བྱས་རུང་། སྔོན་ལ་འབྲི་གཡག་གི་རྩིད་པ་དང་ལུག་གི་བལ་གྱིས་སྤུན་དོག་འཁེལ་དགོས་པས། དུས་ཚོད་འཕྲོ་བརླག་སོང་བ་དང་མི་ལ་དཀའ་ལས་ཆེ་བ་མ་ཟད། ད་དུང་ལས་ཕྱོད་ཀྱང་དམའ་པོ་ཡོད་པ་རེད”
  “གལ་སྲིད་སྟབས་བདེའི་སྤུན་དོག་འཁེལ་ཆས་ཤིག་བཟོ་ཐུབ་ཚེ་དུས་ཚོད་མི་ཉུང་བ་ཞིག་གྲོན་ཆུང་ཐུབ་ངེས་རེད”སྙམ་པའི་བསམ་བློ་འཆང་བཞིན་ཚེ་དབང་ཆོས་འཕེལ་གསར་གཏོད་ཀྱི་ལས་ལ་ཞུགས་འགོ་ཚུགས་པ་རེད།
  2021ལོར། ཁོང་གིས་རབས་དང་པོའི་ལག་སྐོར་སྤུན་དོག་འཁེལ་ཆས་ཤིག་བཟོ་རྒྱུའི་བསམ་བློ་འཁོར། “ལག་པས་སྤུན་དོག་འཁེལ་བ་དང་བསྡུར་ན་འཕྲུལ་ཆས་དེའི་ཉིན་གཅིག་གི་སྐུད་པ་འཁེལ་ཚད་ལྡབ་གཅིག་གིས་མང་བ་ཡོད་མོད། འོན་ཀྱང་ད་དུང་ལག་པར་བརྟེན་དགོས་པས་མུ་མཐུད་བཟོ་བཅོས་རྒྱག་དགོས་འདུག་བསམས”
  སེམས་ཤུགས་ཀྱིས་ཁེངས་པའི་ཚེ་དབང་ཆོས་འཕེལ་གྱིས་སྤུན་དོག་འཁེལ་ཆས་ལ་མུ་མཐུད་རིམ་སྤོར་སྒྱུར་བཀོད་བྱས་ཤིང་། 2022ལོར་རབས་གཉིས་པའི་གློག་སྒུལ་སྤུན་དོག་འཁེལ་ཆས་བཏོན་ཞིང་། “འཕྲུལ་ཆས་དེས་རང་འགུལ་ངང་སྐུད་པ་སྒྲིམ་ཐུབ་པས་ལག་སྐོར་འཕྲུལ་ཆས་དང་བསྡུར་ན་ལས་ཕྱོད་ལྡབ་གཅིག་གིས་ཆེ་རུ་སོང་མོད། འོན་ཀྱང་བེད་སྤྱོད་བྱེད་དཀའ་བས་ངེས་པར་དུ་འཕྲུལ་ཆས་ཀྱི་ཁ་ཕྱོགས་དང་མྱུར་ཚད་ཁོང་དུ་བརྟན་པོ་ཆུད་དགོས་པ་མ་ཟད། སྤྱོད་སྐབས་སྟབས་བདེ་པོ་ཡང་དེ་ཙམ་མེད་པ་རེད”
  ཞན་ཆ་དེ་དག་མཐོང་རྗེས་ཁོང་ལ་སྒྱུར་བཀོད་ཀྱི་ཁ་ཕྱོགས་གསར་པ་ཞིག་རྙེད། 2023ལོར་རབས་གསུམ་པའི་འཚེམ་འཁོར་བཟོ་ལྟའི་གློག་སྒུལ་སྤུན་དོག་འཁེལ་ཆས་བཏོན་ནས་རྐང་ལག་ཟུང་འབྲེལ་བྱས་ནས་སྤྱོད་ཐུབ་རུང་། འཕྲུལ་ཆས་ཀྱི་ཁ་འཕྲོ་བརླག་མགྱོགས་མྱུར་སོང་བ་མ་ཟད། དུས་ཚོད་རིང་ཙམ་སྤྱད་ཚེ་ལས་ཕྱོད་ཆུང་དུ་ཕྱིན་ནས་སྤྱོད་ཡུན་ཐུང་དུ་འགྲོ་བའི་གནད་དོན་གསར་པ་ཞིག་ཐོན།
  ཚོད་ལྟ་ཡང་ཡང་དང་ལེགས་སྒྲིག་ཐེངས་མང་བྱས་པ་བརྒྱུད། ད་ལོ་ཚེ་དབང་ཆོས་འཕེལ་གྱིས་རབས་བཞི་པའི་གློག་སྒུལ་སྤུན་དོག་འཁེལ་ཆས་ཞིབ་བཟོ་བྱས་ཤིང་། ད་ཐེངས་ཁོང་གིས་འཕྲུལ་ཆས་ཀྱི་ཁ་རུ་འཁོར་རྟེན་བསྒར་བས་སྐུད་པའི་འཁོར་ཤུགས་ཆུང་དུ་ཕྱིན་པ་མ་ཟད། ད་དུང་བརྡར་ཤུགས་ཀྱང་ཆུང་དུ་སོང་ཡོད། འཕྲུལ་ཆས་དེའི་ཉིན་གཅིག་གི་སྐུད་པ་འཁེལ་ཚད་དེ་སྔའི་ལག་སྐོར་སྤུན་དོག་འཁེལ་ཆས་ཀྱི་གཟའ་འཁོར་གཅིག་གི་ལས་འབོར་དང་འདྲ་པོ་ཡོད་པས། ཁྲོམ་རར་བཏོན་མ་ཐག་ཡུལ་དེའི་འབྲོག་པ་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
  ལག་སྐོར་ནས་གློག་སྒུལ་དང་ངལ་ནུས་འཕྲོ་བརླག་ནས་ངལ་ནུས་གྲོན་ཆུང་བར་ཚེ་དབང་ཆོས་འཕེལ་གྱིས་ལག་གཉིས་དང་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གནའ་བོའི་ལག་རྩལ་དང་དེང་རབས་འཚོ་བ་མཉམ་འདྲེས་བྱས་ཏེ་རྩྭ་ཐང་གི་འབྲོག་ལས་ཐོན་སྐྱེད་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།