ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་སའི་འདུ་འགོད་དེས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི91.98བྱས་འདུག

སྤེལ་དུས 2026-03-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

            ལྷ་ས་གྲོང་ཁྱེར་གྱིས་མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་དང་། གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་ཁུལ་གྱི་བྱེ་རླུང་གནོད་འཚེ་རྩ་བཅོས་བྱེད་པ་བཅས་ཀྱི་དམངས་འཚོའི་སྐྱེས་ཁམས་འདུ་འགོད་གལ་ཆེན་ཞིག་ཡིན་པའི་ཆ་ནས།  ལྷོ་རི་བྱང་རིའི་སྔོ་ལྗང་ཅན་དུ་བསྒྱུར་བའི་འདུ་འགོད་ལག་བསྟར་བྱས་ཚུན་གཞི་ཁྱོན་ཆེན་པོས་ཤིང་འཛུགས་ནགས་གསོའི་འགག་སྒྲོལ་རྒྱུན་མཐུད་བྱས་པས་བོད་ལྗོངས་ཀྱི་རི་བོ་སྔོ་ལྗང་ཅན་དུ་འགྱུར་བའི་ཚད་ཤིང་ལྟ་བུའི་རྣམ་གྲངས་ཤིག་ཏུ་གྱུར་ཡོད། མིག་སྔའི་བར། འདུ་འགོད་དེས་རིམ་རྩིས་བྱས་ན་ནགས་བཟོ་མུའུ་ཁྲི91.98བྱས་ནས་དེ་སྔ་སྐྱ་ཐེར་ཐེར་གྱི་རི་རྒོད་རིམ་བཞིན་སྔོ་ཐིང་ཐིང་དུ་གྱུར་བ་དང་། གྲོང་ཁྱེར་གྱི་སྣོད་བཅུད་སྲུང་ཡོལ་རྒྱུན་མཐུད་བརྟན་དུ་ཕྱིན་ནས་སྣོད་བཅུད་ཁོར་ཡུག་ལེགས་གཏོང་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

 

            ཟླ་གསུམ་པ་ནི་ས་མཐོར་དཔྱིད་དུས་ཤིང་འཛུགས་ནགས་གསོ་བྱེད་པའི་དུས་ཚོད་ཡག་པོ་ཞིག་རེད། བོད་རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ལས་ཁུངས་དང་། ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོར་འཛོམས་ནས་ཚ་ཚ་འུར་འུར་གྱིས་དཔྱིད་དུས་འོས་འགན་ཤིང་འཛུགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡོད། ཏང་འཛུགས་སྐྱོང་གིས་སྣོད་བཅུད་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་། དངོས་སྒྲུབ་འགན་ཁུར་གྱི་ཐོག་ནས་ས་མཐོའི་སྣོད་བཅུད་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཚད་གཞི་མཐོན་པོས་ལྷོ་རི་བྱང་རི་སྔོ་ལྗང་ཅན་དུ་བསྒྱུར་བའི་དཔྱིད་དུས་ཤིང་འཛུགས་ནགས་གསོའི་འགག་སྒྲོལ་ལས་དོན་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་གངས་ལྗོངས་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་སྐྱོབ་བྱས་ཡོད།

 

            ཉེ་བའི་ལོ་ཤས་ཀྱི་རིང་ལ། ལྷ་ས་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ནགས་གསོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཞིང་། རིམ་རྩིས་བྱས་ན་ལས་བྱེད་མང་ཚོགས་དང་། ལས་རིགས་ཁག་གི་འཐུས་མི་ཆིག་ཁྲི་ཤིང་འཛུགས་ནགས་གསོའི་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ནས་མུའུ་ཁྲི་ཡི་ཡུག་སྦྲེལ་ནགས་ཚལ་བཏབ་ཡོད་པ་རེད། ལྷོ་རི་བྱང་རིའི་སྔོ་ལྗང་ཅན་དང་། གྲོང་ཁུལ་སྔོ་ལྗང་ཅན། གྲོང་གསེབ་སྔོ་ལྗང་ཅན་སོགས་འདུ་འགོད་ལག་བསྟར་བྱས་པ་དང་བསྟུན་ནས་གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད། སྣོད་བཅུད་དོ་དམ་སྲུང་སྐྱོབ་དང་། ལྕང་སོན་གསོ་སྤེལ་སོགས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པ་དང་གྲོང་གསེབ་དར་རྒྱས་ལ་སྣོད་བཅུད་ཀྱི་སྒུལ་ཤུགས་བསྣན་པས་སྣོད་བཅུད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད།

རྩོམ་སྒྲིག་པ། རིག་གྲོལ།