ང་ཚོ་སྔོན་ཆད་ཆ་མེད་ཡིན་རུང་། ལག་གི་པར་ཆས་ལ་བརྟེན་ནས་ཕན་ཚུན་ངོ་ཤེས་ཤིང་ལས་འབྲེལ་བྱུང་། ཟླ་གསུམ་པའི་ལྷ་སར་དཔྱིད་ཀྱི་ཁ་བ་ལྷབ་ལྷུབ་ཏུ་བབས་བྱུང་བ་དང་། མཁའ་རླུང་དྭངས་ཤིང་གཙང་། སེ་ར་དགོན་པའི་ཆོས་རའི་ནང་དུ་གཟུགས་པོ་རིང་ཞིང་ཤ་མདོག་དཀར་བ། མགོ་ལ་ཞྭ་མོ་དམར་པོ་གྱོན་པའི་ཕྱི་རྒྱལ་གྱི་པར་བ་དེས་ང་ཚོའི་ཡིད་དབང་བཀུག་པས། ལབ་གླེང་སྟབས་བདེ་ཞིག་བྱས་རྗེས་ང་ཚོས་ཁོང་ལྷ་ས་དང་ཁ་མ་བྲལ་གོང་གི་སྔོན་དགོང་མོར་ཕན་ཚུན་འཕྲད་རྒྱུའི་ཁ་ཆད་བྱས།
(ཁེ་ནཱ་ལེའུ.ཁཱ་ཙ་ཁུའུ)ཡིས་བོད་ལྗོངས་སུ་བརྒྱབ་པའི་དྲན་རྟེན་འདྲ་པར།
པར་སྒོ་ཡིས་བདེན་དཔང་བྱེད་པ། “རྟ་རྒྱུག་ཞོར་དང་མེ་ཏོག་འཐུ་ཞོར་བྱེད་པ”ནས“རིག་གནས་ཀྱི་འབྱུང་རྩ་འཚོལ་བའི”བར་དུ། ཀྲུང་གོ་དང་ཐེངས་བཅུ་དྲུག་ལ་འབྲེལ་བ་བྱུང་བ།
“བོད་ལྗོངས་ནི་ངའི་སེམས་སུ་པར་ལེན་སའི་གནས་མཆོག་ཅིག་རེད”མཚན་མོར་གཙུག་ལག་ཁང་གི་ཐང་ཆེན་དུ་གློག་འོད་ཆེམ་ཆེམ་དུ་འཚེར་བཞིན་མཆིས། Corneliu Cazacu(ཁེ་ནཱ་ལེའུ.ཁཱ་ཙ་ཁུའུ)ཡི་སེམས་སུ་ཐེངས་འདིའི་བོད་ལྗོངས་ཀྱི་འགྲུལ་བཞུད་ནི་དུས་ཡུན་ནི་ཐུང་དྲག་པའི་ཚོར་སྣང་ཞིག་སྐྱེས་བཞིན་འདུག བོད་ལྗོངས་ཀྱི་བག་ཆགས་ཅི་འདྲ་ཡིན་པ་གླེང་སྐབས། ཁོས“བོད་ལྗོངས་ནི་ངའི་སེམས་སུ་པར་ལེན་སའི་གནས་མཆོག་ཅིག་རེད”ཅེས་གདེང་འཇོག་མཐོན་པོར་གནང་།
Corneliu Cazacu(ཁེ་ནཱ་ལེའུ.ཁཱ་ཙ་ཁུའུ)ནི་ཏེན་མག་དུ་རྒྱུན་སྡོད་བྱེད་པའི་རོ་མ་ནི་ཡའི་རྒྱལ་ཁོངས་ཀྱི་པར་བ་དང་རྩོམ་པ་པོ་ཞིག་ཡིན། ཁོང་གི་བརྩམས་ཆོས་དག《རྒྱལ་ཁབ་ས་ཁམས》དང《རང་དབང་རོ་མ་ནི་ཡའི་ཚགས་པར》སོགས་རྒྱལ་སྤྱིའི་སྨྱན་སྦྱོར་ཐོག་ཏུ་ཐེངས་མང་པོར་བཀོད་ཡོད་ལ། ཁོའི་ཞབས་རྗེས་ནི་གླིང་ཆེན་ལྔ་ལ་ཁྱབ་ཡོད། དེ་བས་ཀྱང་རི་ཀླུང་སྟོང་ཕྲག་ཆོད་པའི་ཀྲུང་གོ་ནི་ཁོ་རང་ཡང་དང་བསྐྱར་དུ་བསྐྱོད་ཡུལ་ཞིག་རེད། ད་ཐེངས་བོད་ལྗོངས་སུ་ཕེབས་པ་ནི་ཁོང་ཀྲུང་གོར་འཚམས་འདྲིར་ཕེབས་ཐེངས16པ་རེད། “དེ་སྔོན་བོད་ལྗོངས་སུ་ཡོང་སྐབས་རྟ་ལོ་ཡིན་པ་དང་ད་ཐེངས་གྲ་སྒྲིག་དང་འཆར་གཞི་གང་ཡང་མེད་པར་ཏག་ཏག་རྟ་ལོར་འཁེལ་སོང”ཞེསCorneliu(ཁེ་ནཱ་ལེའུ)ཡིས་བོད་ལྗོངས་ནས་འཕྲད་པའི་གྲོགས་པོ་དང་། ལོ་འཁོར་གཅིག་གི་རྗེས་ལ་མ་གྲོས་གཅིག་མཐུན་ངང་འཕྲད་པའི་ལས་དབང་ལ་མྱོང་བ་ཟབ་མོ་བྱུང་།
འཁྱགས་གྲོང་དུ་འབོད་པའི་ཧའར་པིན་དང་ཚ་ཁུལ་དུ་ཡོད་པའི་སན་ཡཱ་བ། ཡངས་ཤིང་རྒྱ་ཆེ་བའི་ཞིན་ཅང་དང་དེང་རབས་ཅན་གྱི་གྲོང་ཁྱེར་ཀོང་ཏུང་། དེ་མིན་སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས་ཀྱི“སྦས་ཡུལ”གང་ཡིན་རུང་། ཀྲུང་གོའི་ཡུལ་གྲུ་ཀུན་ཏུCorneliu(ཁེ་ནཱ་ལེའུ)ཡིས་རྗེས་ཤུལ་ཡོད། 2014ལོར་ཁོང་བོད་ལྗོངས་སུ་ཐེངས་དང་པོར་སྐྱོད་སྐབས་སུ། མཐོ་སྒང་གི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱིས་ཁོང་གི་ཡིད་དབང་འཕྲོག་པར་གྱུར། འོན་ཀྱང་གུང་གསེང་གི་དུས་ཡུན་ཐུང་བའི་ཁར། འགྲུལ་བཞུད་བྲེལ་འཚུབ་ཆེ་བས། ཁོས་པར་མང་ཙམ་རྒྱག་ཐུབ་མ་བྱུང་། བགྲང་བྱ་བཅུ་གཉིས་འདས་རྗེས་སུ་ཁོང་སླར་ཡང་བོད་ལྗོངས་སུ་ཡོང་དོན་ནི་གཅིག་ནས་སྐབས་དེ་དུས་སུ་པར་དུ་ལེན་མ་ཐུབ་པའི་འགྱོད་པ་བསྐངས་པ་དང་། གཉིས་ནས་བརྙན་ཤེལ་གྱི་ལམ་ནས་ས་གཞི་དེའི་ཐོག་གི་གསོན་ཉམས་དོད་པའི་གཏམ་རྒྱུད་ཟབ་མོ་བརྗོད་ཕྱིར་རེད།
Corneliu(ཁེ་ནཱ་ལེའུ)ཡི་པར་ཆས་ནང་གི་གཙུག་ལག་ཁང་ཐང་ཆེན་མདུན་གྱི་མང་ཚོགས།
མི་ཆོས་རིག་གནས་གཙོ་བོར་འཛིན་པ། ཁེ་བེད་བདག་ཐོབ་ཞིབ་བཤེར་པ་ཞིག་ནས་རང་སྐྱ་འཕེལ་བའི་པར་བའི་བར། ཆེས་རྒྱུན་གཏན་གྱི་འཚོ་བའི་སྤྲོ་སྣང་གནས་སུ་འཇུག་པ།
རྒྱལ་སྤྱིའི་སྨྱན་སྦྱོར་ཐོག་བརྩམས་ཆོས་མང་པོ་སྤེལ་མྱོང་བའི་རྩོམ་པ་པོ་ཁོང་ལ་མཚོན་ན། པར་ལེན་གྱི་ཤེས་བྱ་དག་ནི་ཆེད་དུ་སྦྱངས་པ་ཞིག་མ་ཡིན། Corneliu(ཁེ་ནཱ་ལེའུ)ཡིས་ངོ་སྤྲད་པ་ལྟར་ན། རང་ཉིད་དེ་སྔོན་ཤེས་རིག་བདག་དབང་ཁྱབ་ཁོངས་ཀྱི་ཁེ་བེད་བདག་ཐོབ་ཞིབ་བཤེར་པ་ཞིག་ཡིན། “པར་ལེན་པ་ནི་ངའི་འགྱུར་བ་དེ་ཙམ་མེད་པའི་ལས་ཀ་ལས་སྒྲོལ་ཏེ་འཇིག་རྟེན་གྱི་འཚོ་བ་དངོས་ལ་རྒྱུས་མངའ་བྱེད་པའི་སྒོ་མོ་ཞིག་ཡིན་པ་དང་། ལས་ཀའི་ཞོར་དུ་པར་རྒྱག་རྒྱུ་ནི་ངའི་དགའ་ཕྱོགས་ཆེ་ཤོས་ཡིན”ཞེས་བཤད། ལོ་དྲུག་གི་སྔོན་ལ་ཁོང་གིས་བརྟན་འཇགས་ཀྱི་ལས་གནས་ལས་དགོངས་ཞུ་བྱས་ཏེ། རང་སྐྱ་འཕེལ་བའི་པར་ལེན་མཁན་དང་རྩོམ་པ་པོ་ཞིག་ཏུ་གྱུར་ནས། རང་ཉིད་སེམས་འགུལ་ཐེབས་ནུས་པའི་སྐད་ཅིག་མ་རེ་རེ་ཟིན་ཐོར་འགོད་རྒྱུའི་བྱ་བ་ཁོ་ནར་འབད།
ཁོང་གིས། “ངས་སྤྲོ་སྣང་ལྡན་པའི་བྱ་དངོས་ཐམས་ཅད་པར་དུ་ལེན་སྲིད་མོད། འོན་ཀྱང་ཡུན་རིང་ཞིག་ལ་སྲོལ་རྒྱུན་རིག་གནས་དང་པར་རིས་ནང་གི་མི་ཆོས་རིག་གནས་ཀྱི་དོན་སྙིང་ལ་དེ་བས་དགའ་པོ་སྐྱེས”ཞེས་བཤད། ཁོང་གི་ངོས་ནས་བརྗོད་ན། རང་བྱུང་ཁམས་ཀྱི་མཛེས་ལྗོངས་ཁོ་ན་དང་བསྡུར་ན་ཆེས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་གནས་པའི་མི་ཆོས་རིག་གནས་ཀྱི་གནས་ཚུལ་ཞིབ་ཕྲ་དེ་དག་གིས་མི་སེམས་ལ་ཐད་ཀར་གཡོ་འགུལ་ཐེབས་སུ་འཇུག་ནུས། དེ་སྔོན་བོད་ལྗོངས་སུ་སྐྱོད་སྐབས་ཁོང་གིས་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་སོགས་སུ་བོད་ཀྱི་ལོ་གསར་དང་། ཆོས་ཚོགས། དམངས་སྲོལ་བྱེད་སྒོ་མདའ་རྩེད་སོགས་པར་བླངས་ནས། ཡུལ་དེ་གའི་མི་རྣམས་ཀྱི་འཚོ་བའི་རྣམ་པ་སྣ་ཚོགས་དང་མངོན་མིན་རིག་གནས་ཤུལ་བཞག་བརྙན་ཤེལ་གྱི་ལམ་ན་རྟག་ཏུ་གནས་པར་བྱས།
Corneliu(ཁེ་ནཱ་ལེའུ)ཡི་ཐེངས་འདིའི་འགྲུལ་བཞུད་བྱེད་རིང་བརྒྱབ་པའི་མི་རིགས་ཀྱི་ཆས་གོས་གྱོན་པའི་བོད་རིགས་མང་ཚོགས།
Corneliu(ཁེ་ནཱ་ལེའུ)ཡི་ཐེངས་འདིའི་འགྲུལ་བཞུད་བྱེད་རིང་བརྒྱབ་པའི་མི་རིགས་ཀྱི་ཆས་གོས་གྱོན་པའི་བོད་རིགས་མང་ཚོགས།
“གནས་དེ་ནས་ཁྱད་དུ་འཕགས་པའི་གསར་རྩོམ་མང་པོ་འཚོལ་ཐུབ་པར་བསམ་པའི་ཡུལ་ལས་འདས། བརྗིད་ཆགས་པའི་རང་བྱུང་གི་མཛེས་ལྗོངས་དང་། ཉམས་བརྗིད་ལྡན་པའི་དགོན་སྡེའི་འཛུགས་སྐྲུན། ས་གནས་དེ་གའི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་སོགས་གང་ཡིན་རུང་ངེས་ཤུགས་མངོན་དུ་གཏོད་ཡོད”ཅེས་བཤད།
ལྷ་སར་འབྱོར་མ་ཐག རྒྱང་རིང་དུ་ཁ་བས་བཀླུབས་པའི་རི་ཚོགས་མཐོང་ཕྲལ་ཁོང་གིས་དེ་མ་ཉིད་དུ་པར་ཆས་ལག་ཏུ་བཟུང་ནས་པར་བླངས་ཤིང་། ད་ཐེངས་ཀྱི་འགྲུལ་བཞུད་ཁྲོད་དུ་ཆེས་བརྗེད་པར་དཀའ་བའི་སྐད་ཅིག་མ་ནི་བཅར་འདྲི་བྱེད་པའི་ཉིན་མོ་དེ་ཡིན་ལ། ལྷ་སར་བསྐྱོད་པའི་ཉིན་མཐའ་མ་དེའང་ཡིན། སྨུག་སྤྲིན་སྲབ་མོས་ཡོལ་བ་སྒྲིབ་ཅིང་། ཉི་འོད་འོག་ཏུ་གསེར་མདོག་གི་རྒྱ་ཕིབས་དང་སྨུག་སྤྲིན་ཕན་ཚུན་གཅིག་ལ་གཅིག་བརྒྱན་དུ་ཆགས་པས། མག་མོག་ཡིན་པ་གང་ཞིག་ཡིད་ཀྱི་བརྟན་པ་འཕྲོག་ནུས་པ་དེ་ཁོང་གི“པར་ལེན་ཕྱོགས་བསྒྲིགས”ནང་གི་པར་རིས་ཆེས་རྩ་ཆེ་ཤོས་ཀྱི་གྲས་སུ་གྱུར་ཡོད།
Corneliu(ཁེ་ནཱ་ལེའུ)ཡིས་མཛེས་ལྗོངས་ལྷ་ས་ནས་ཕོ་བྲང་པོ་ཏ་ལ་བརྒྱབ་ལྗོངས་སུ་བྱས་ཏེ་བརྒྱབ་པའི་པར་རིས།
བརྙན་ཤེལ་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད། “ངོ་བོ་གཅིག་མཚུངས”ཀྱི་པར་ཞིག་གི་རྒྱབ་ཏུ་རྒྱལ་ཁོངས་ལས་བརྒལ་བའི་རིག་གནས་ཀྱི་མཚུངས་ཆོས་ལྡན།
“འདི་ནི་ངས་བོད་ལྗོངས་ནས་བརྒྱབ་པའི་དོན་སྙིང་ལྡན་པའི་པར་ཞིག་རེད”ཅེསCorneliu(ཁེ་ནཱ་ལེའུ)ཡིས་ཁ་པར་ཐོག་ནས་ཐེངས་འདིའི་འགྲུལ་བཞུད་སྐབས་སུ་བརྒྱབ་པའི་བོད་ལྭ་གྱོན་པའི་མང་ཚོགས་ཀྱི་པར་རྣམས་གསར་འགོད་པར་བསྟན་བྱུང་།
“པར་འདི་འདྲ་ཞིག་ངས་ཀྱང་བརྒྱབ་མྱོང་། ཡིན་མིན་གཟིགས་དང”ཞེས་ངའི་ལས་རོགས་ཀྱིས་དགའ་སྤྲོ་འཁོལ་བའི་ངང་Corneliu(ཁེ་ནཱ་ལེའུ)ལ་རང་ཉིད་ཀྱི“ངོ་བོ་གཅིག་མཚུངས”ཡིན་པའི་པར་འདི་བསྟན་པ་རེད།
ཁོ་ཅག་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་གནས་སྐོར་བ་སྐོར་ཞིག་ཡིན་ཞིང་། དུས་ཚོད་མི་འདྲ་བ་དང་ས་ཆ་མི་འདྲ་བར་རྒྱལ་ཁོངས་མི་འདྲ་བའི་པར་ལེན་མཁས་གྱི་བརྙན་ལམ་ནས་གསལ། སྐབས་དང་དུས་དེ་འདྲ་ཞིག་ལ་པར་དེ་རྒྱལ་ཁོངས་ལས་བརྒལ་ནས་ཀྲུང་ཧྭའི་རྒྱན་གོས་རིག་གནས་ཀྱི་མཚར་སྡུག་ཏུ་གྱུར།
“ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་རྟག་ཏུ་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་པར་མ་ཟད། རྒྱུན་གཏན་གྱི་འཚོ་བའི་ནང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་གྱོན་པ་དེ་འཛམ་གླིང་ན་མཐོང་དཀོན”ཅེས་Corneliu(ཁེ་ནཱ་ལེའུ)ཡིས་བོད་ལྗོངས་ལ་བཅངས་པའི་དགའ་ཞེན་དང་ཀྲུང་གོར་བཅངས་པའི་དགའ་ཞེན་དེ་ཁོང་གིས་ལྟ་ཞིབ་བྱས་པའི་ཞིབ་ཕྲ་རེ་རེ་ལས་མངོན་ཐུབ།
“ལོ་འདི་དག་གི་རིང་ལ། ང་རང་ཧི་མ་ལ་ཡའི་རི་རྒྱུད་ཉེ་འཁོར་གྱི་ས་ཁུལ་མང་པོར་སོང་མྱོང་བ་དཔེར་ན། རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་སོགས་སུ་སོང་ནས་པར་བརྒྱབ་མྱོང་ཡོད། འོན་ཀྱང་ངའི་སེམས་སུ་བོད་ལྗོངས་ཀྱི་མཛེས་སྡུག་དང་རིག་གནས་ནི་གཞན་དང་མི་འདྲ་བ་ཞིག་རེད”ཅེསCorneliu(ཁེ་ནཱ་ལེའུ)ཡིས་གསར་འགོད་པར་ཁོང་འགྲོ་མྱོང་བའི་ཀྲུང་གོ་དང་ས་མཚམས་འབྲེལ་བའི་རྒྱལ་ཁབ་ངོ་སྤྲོད་གནང་བ་དང་། ང་ཚོས་ཁོང་ལ་བོད་ལྗོངས་ཀྱི་སྐམ་སའི་འགག་སྒོ་རེ་རེ་ངོ་སྤྲོད་བྱས་པ་ཡིན། ཁོང་ལ་གོ་སྐབས་བྱུང་ཚེ་བོད་ལྗོངས་ཀྱི་མཐའ་མཚམས་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཟིགས་ནས། བོད་ལྗོངས་ཀྱི་གྲོང་གསེབ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཁོང་གི་པར་རིས་བརྒྱུད་ནས་འཛམ་གླིང་ལ་མངོན་པར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པས་པར་བླངས་པའི་བདེ་ཆེན་གྱི་བོད་རིགས་མང་ཚོགས།
Corneliu(ཁེ་ནཱ་ལེའུ)ཡིས་བོད་ལྗོངས་ནས་པར་བླངས་པའི་བདེ་ཆེན་གྱི་བོད་རིགས་མང་ཚོགས།
གོམ་སྟབས་མཚམས་མི་འཇོག “ཡུལ་ལྗོངས་ཀྱིས་མིག་དབང་བཀུག་པ”ནས“རིག་གནས་ལ་སེམས་ཆགས་པའི”བར། ཐེངས་རྗེས་མ་སླར་ཡང་མཇལ་རྒྱུའི་ཁ་ཆད་བྱས།
“གལ་ཏེ་དགུན་དུས་བོད་ལྗོངས་ལ་ཕེབས་ཚེ་ཁྱེད་རང་གིས་ཉིན་ལྟར་བོད་ལྗོངས་མི་དམངས་ཀྱི་ཆེས་བབ་ཆགས་དང་ཆེས་བདེ་སྐྱིད་ལྡན་པའི་འཛུམ་མདངས་པར་ལེན་ཐུབ་ངེས” “གལ་ཏེ་ད་དུང་བོད་ལྗོངས་སུ་ཉིན་ཁ་ཤས་བཞུགས་ཐུབ་ཚེ་ཉིང་ཁྲིའི་རི་བོ་གནམ་ལྕགས་འབར་བའི་འདབས་སུ་བཞད་པའི་ཁམ་བུའི་མེ་ཏོག་ནི་ཁྱེད་ཀྱིས་པར་ལེན་བྱེད་མྱོང་བའི་ཁྲོད་ཀྱི་མཛེས་སྡུག་ཆེ་ཤོས་ཀྱི་མེ་ཏོག་ཡིན་ངེས” “གལ་སྲིད་ཁྱེད་རང་མེ་ཏོག་རྫོང་ལ་སླེབས་པའི་གོ་སྐབས་བྱུང་ཚེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་སྟོང་ཕྲག་ཁ་ཤས་ཀྱི་ཧེ་བག་ལས་བྱུང་བའི་རང་བྱུང་གི་ངོ་མཚར་ནི་ཁྱེད་ཀྱིས་རྒྱལ་ཁབ་གང་ནས་ཀྱང་མཐོང་ཐབས་བྲལ་བའི་ངོ་མཚར་ཞིག་ཡིན་པ་ངས་ཁྱེད་ལ་ཁས་ལེན་བྱེད་ཐུབ”ཅེས་ང་ཚོས་Corneliu(ཁེ་ནཱ་ལེའུ)ད་ཐེངས་བོད་ལྗོངས་སུ་ཕེབས་པའི་ངོ་མཚར་ཆེ་བའི་གནས་ཚུལ་ནན་ཏན་ངང་ཉན་ཞོར་དུ་ཁོང་གིས་མཐོང་མ་མྱོང་བའི་བོད་ལྗོངས་ཀྱི་ངོ་མཚར་དབང་མེད་དུ་བརྗོད་དགོས་པར་ཐལ་ལ། ཕྱོགས་གཞན་ཞིག་ནས་ཁོང་ལ་བོད་ལྗོངས་ཀྱི་མི་ཆོས་རིག་གནས་ཀྱི་སྐོར་རེ་རེ་བཞིན་ལ་ལན་འདེབས་བཞིན་བསྡད།
“བོད་ལྗོངས་ལ་ད་དུང་འཚོལ་ཞིབ་བྱེད་རིན་ཡོད་པའི་ས་ཆ་མང་པོ་ཡོད” Corneliu(ཁེ་ནཱ་ལེའུ)ཡིས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དང་། མེ་ཏོག་རྫོང་གི“ཉིན་གཅིག་ལ་ནམ་དུས་བཞི”གནས་རི་གངས་རིན་པོ་ཆེ་བཅས་ཀྱི་གསར་འགོད་པའི་ངོ་སྤྲོད་གསན་རྗེས་ཁོང་གིས་འདུན་པ་དྲག་པོ་ཡིད་ལ་བཅངས། རྗེས་སུ་རེ་རེ་བཞིན་ལ་སྙེགས་ཏེ་བརྙན་ཤེལ་ཐོག་ནས་བོད་ལྗོངས་ཀྱི་མཛེས་ལྗོངས་དེ་བས་མང་བ་འགོད་རྩིས་ཡོད་ཅེས་བཤད། ད་ཐེངས་ཀྱི་འགྲུལ་བཞུད་རིང་ཁོང་ལ་ད་དུང་གསར་རྩོམ་གྱི་དམིགས་ཡུལ་གསལ་པོ་ཞིག་ཡོད་པ་ནི། བོད་ལྗོངས་ཀྱི་པར་ལེན་བརྩམས་ཆོས་རིམ་སྤེལ་ལེགས་སྒྲིག་དང་ཕྱོགས་བསྒྲིགས་བྱས་ཏེ། བོད་ལྗོངས་བརྒྱུད་ནང་བསྟན་སྐོར་གྱི་དཔེ་དེབ་ཅིག་བྲིས་ནས། དེ་གའི་རང་བྱུང་གི་མཛེས་སྡུག་དང་མི་ཆོས་རིག་གནས་ཀྱི་ཉམས་སྣང་ཕྱི་རྒྱལ་གྱི་ཀློག་པ་པོ་དེ་བས་མང་བར་བརྒྱུད་སྤྲོད་བྱ་རྒྱུ་དེ་རེད།
མ་འོངས་པའི་འཆར་གཞི་གླེང་སྐབས། Corneliu(ཁེ་ནཱ་ལེའུ)ཡིས་རང་གི་ནང་མའི་སྐོར་གླེང་། ཁོང་གི་བཟའ་ཟླ་ནི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཡིན་པ་དང་། རྒན་ཡོལ་ཞུ་གྲབས་ཡོད། ཁོང་གིས་བཟའ་ཟླ་རྒན་ཡོལ་ཞུས་རྗེས་མཉམ་དུ་སླར་ཡང་བོད་ལྗོངས་སུ་ཡོང་ནས་ས་མཐོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དངོས་སུ་ཉམས་ལེན་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
Corneliu(ཁེ་ནཱ་ལེའུ)ཡི་མིག་ནང་དུ་བོད་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་ནི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཙམ་མ་ཡིན་པར། ས་གནས་དེ་གའི་མིས་སྲོལ་རྒྱུན་རིག་གནས་བརྟན་སྲུང་བྱས་པར་ཐུག་ཡོད། “དེ་གའི་ཨ་སྔོན་གཡའ་དག་ཅིང་། རང་བྱུང་གི་པར་ལེན་རྒྱབ་ལྗོངས་རྩེ་གྲ་ཅིག་ཡིན། དེ་བས་ཐོབ་དཀའ་བ་ཞིག་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་རྒྱུན་དུ་ཚོན་མདངས་བཀྲ་ལ་ཁྱད་ཆོས་མངོན་གསལ་དོད་པོའི་སྲོལ་རྒྱུན་རྒྱན་གོས་གྱོན་པ་དེ་རེད” ཁོང་གིས་ད་དུང་ལྷ་མོའི་འཁྲབ་གཞུང་ཡ་མཚན་ཆེན་པོ་བྱེད་ཀྱི་ཡོད། ལྷ་མོའི་འབག་མི་འདྲ་བས་མི་སྣའི་གཟུགས་བརྙན་མི་འདྲ་བ་མཚོན་པ་དེ་ཅིན་ཅུས་ཟློས་གར་དང་འདྲ་བའི་ཆ་ཡོད་པ་ཤེས་རྗེས། ས་ཡུལ་དངོས་སུ་པར་ལེན་བྱེད་པའི་གོ་སྐབས་བྱུང་ཚེ་ཁྱད་ཆོས་ལྡན་པའི་དམངས་སྲོལ་སྒྱུ་རྩལ་དེ་ཟིན་ཐོར་འགོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
Corneliu(ཁེ་ནཱ་ལེའུ)ཡི་པར་ཆས་ནང་གི་སྲོལ་རྒྱུན་གྱི་ཆ་ལུགས་སྤྲས་པའི་བོད་རིགས།
མཇུག་ཏུ། ལོ་འཁོར་གཅིག་སོང་རྗེས་ད་ཐེངས་སླར་ཡང་བོད་ལྗོངས་སུ་ཕེབས་པའི་མྱོང་ཚོར་ཟབ་ཤོས་སྐོར་གླེང་སྐབསCorneliu(ཁེ་ནཱ་ལེའུ)ཡིས་གསར་འགོད་པར“འདི་གའི་འགྱུར་ལྡོག་དེ་ངའི་སྔོན་དཔག་ལས་ལྡབ་ཀྱིས་བརྒལ་སོང”ཅེས་གསུངས།
“འགྲིམ་འགྲུལ་དང་འཚོ་བའི་ཁོར་ཡུག་ནི་ཐད་ཀར་མིག་མཐོང་ལག་ཟིན་བྱ་ཐུབ་པ་ཞིག་ཡིན། འགྲོ་ལམ་ཁོད་སྙོམས་ལ་འགྲོ་བདེ་བ། འགྲོ་སྐྱོད་ཧ་ཅང་སྟབས་བདེ་ལ། གྲོང་ཁུལ་གཙང་ཞིང་གྲལ་འགྲིག་པ་ཡིན”ཁོང་གིས་ཁྲོམ་གཞུང་དུ་སྐྱོད་པའི་རླངས་འཁོར་མང་ཆེ་བ་ནི་གསར་པ་ཡིན་པ་དང་དེའི་ནང་ནས་མི་ཉུང་བ་ཞིག་ནི་ནུས་རྒྱུ་གསར་པའི་གློག་སྒུལ་རླངས་འཁོར་ཡིན་པ་ཤེས་རྟོགས་བྱུང་བས། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པའི་ཚོར་སྣང་ཟབ་མོ་བྱུང་ཡོད།
འཕེལ་རྒྱས་ཁྲོད་ནམ་ཡིན་རུང་བརྟན་སྲུང་བྱེད་པའི་རིག་གནས་ཀྱི་འབྱུང་རྩ་དང་། ལྟ་ན་སྡུག་པའི་མཛེས་ལྗོངས་དང་མི་ཆོས་རིག་གནས་མཉམ་དུ་འདྲེས་པའི་ཐུན་མིན་གྱི་ཉམས་སྣང་དེས་བོད་ལྗོངས་དེCorneliu(ཁེ་ནཱ་ལེའུ)ཡིས་དགའ་ཤོས་བྱེད་པའི་པར་ལེན་བྱ་ཡུལ་གྱི་གྲས་ཤིག་ཏུ་གྱུར་ཡོད། “འདི་གའི་ཡུལ་ལྗོངས་དང་མི་ཆོས་རིག་གནས་ལ་གཞན་དང་མི་འདྲ་བ་དང་འདྲ་བཟོ་བྱེད་ཐབས་བྲལ་བའི་ཁྱད་ཆོས་ལྡན།”
ཁོང་གི་པར་ཆས་ཀྱིས་ས་མཐོའི་ཡུལ་ལྗོངས་དང་རིག་གནས་ཀྱི་འབྱུང་རྩ་ཡུན་དུ་གནས་པར་བྱས་ཡོད་ལ། གསོན་ཤུགས་རྒྱས་པའི་གངས་ལྗོངས་ཀྱི་ས་གཞི་དེ་དང་རི་ཀླུང་བརྒལ་ནས། ལྷག་འཕྲོར་ལུས་པའི་འདུན་པ་ཞིག་མུ་མཐུད་ཟིན་ཐོར་བཀོད་བཞིན་ཡོད།
རྩོམ་སྒྲིག་པ། རིག་གྲོལ།