ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་ཁང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གིས་སྒྲུབ་འགན་འཁུར་བའི་མཚོ་སྔོན་གྱི་དར་གོས་ལམ་བུའི་རིག་དངོས་དང་གྲོ་ཚང་རྡོ་རྗེ་འཆང་གི་ལྡེབས་རིས་སྒྱུ་རྩལ་འགྲེམས་སྟོན་དེ་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་ཁང་དུ་སྤེལ་འགོ་ཚུགས་པ་དང་། འགྲེམས་སྟོན་དེ་ཟླ4པའི་ཚེས21ཉིན་ནས་བཟུང་སྤྱི་དམངས་ལ་སྒོ་ཕྱེ་རྒྱུ་ཡིན་ཞིང་། འགྲེམས་སྟོན་བྱེད་ཡུན་ཟླ8པའི་ཚེས31བར་རེད།

འགྲེམས་སྟོན་གྱི་ཡུལ་དངོས།
ད་ཐེངས་ཀྱི་འགྲེམས་སྟོན་ནང་དུ་རིག་དངོས84དང་ལྡེབས་རིས་བཤུ་འབྲིའི་སྒྱུ་རྩལ་ཐོན་རྫས113འདུས་ཡོད། དེ་དང་ཆབས་ཅིག་གྲོ་ཚང་རྡོ་རྗེ་འཆང་གི་མེ་ཏོག་འདུ་ཚོགས་དང་ལྷོ་རིའི་མདའ་འཕེན་གཉིས་ཀ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་དོན་བརྗོད་མ་ལག་ཏུ་བཅུག་ནས། བརྙན་རིས་དང་དངོས་པོ་བརྒྱུད་རྒྱ་དང་། བོད། ཧུའེ། ཧོར་སོགས་མི་རིགས་མང་པོའི་མང་ཚོགས་རིག་གནས་མཉམ་གནས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་མངོན་ཡོད། དཔལ་ལུང་གི་ཐང་ག་དང་། ཧོར་གྱི་འཚེམ་དྲུབ། དངུལ་གྱི་ཟངས་ཆས། གསེར་གྱི་བརྐོས་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་མང་པོ་མཉམ་གཅིག་ཏུ་འགྲེམས་སྟོན་བྱས་ནས། མཚོ་སྔོན་གྱི་མི་རིགས་མང་པོའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

འགྲེམས་སྟོན་ཡུལ་དངོས་ཀྱི “རྒྱལ་པོའི་དགུང་ལོ་ཁྲི་ཚོ་ཁྲི་ཚོ་ཐུབ་པར་གྱུར་ཅིག”ཅེས་པའི་རིག་དངོས།

འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན།
ཡུལ་དངོས་སུ་ལྗོངས་རྣམ་ཞབས་བྲོའི་ཟློས་གར་གསར་མ《མིང་རྒྱལ་རབས་ཀྱི་གྲོ་ཚང་རྡོ་རྗེ་འཆང》ཞེས་པས་མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་བསྐྱར་དུ་མཚོན་པ་དང་། ཡུལ་དངོས་ཀྱི་རི་མོའི་འཁྲབ་སྟོན་གྱིས་ལྟད་མོ་བས་ལྡེབས་རིས་གསར་རྩོམ་གྱི་ལག་རྩལ་ལ་གོ་བ་གཏིང་ཟབ་ལེན་ཐུབ་ཡོད། 《གྲོ་ཚང་རྡོ་རྗེ་འཆང་གི་གསང་བའི་ཡུལ་ཁམས》ཞེས་པའི་ནང་དུ་ལྗོངས་ཡོངས་རྣམ་པའིVRཉམས་ལེན་ལ་བརྟེན་ནས་བར་མཐོངས་ཀྱི་ལྗོངས་རིས་དང་། མི་དང་ཁ་བརྡ་བྱེད་པ་སོགས་ཀྱི་རྣམ་པས་ལྟད་མོ་བ་ཚོས“ལྡེབས་རིས་ལ་ལྟ་བ”ནས“ལྡེབས་རིས་ནང་ཞུགས་པ”བར་མངོན་གྱུར་ཐུབ་ཡོད། འགྲེམས་སྟོན་ཁྲོད་དུ་རིག་གནས་གསར་གཏོད་འགྲེམས་སྟོན་ཁུལ་ཆེད་དུ་བཙུགས་ཤིང་། དེའི་ནང་དུ་རིག་གནས་གསར་གཏོད་ཐོན་རྫས323དང་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས167ཚུད་ཡོད་པ་དང་། གྲོ་ཚང་རྡོ་རྗེ་འཆང་གི་ལྟེ་བའིIPགསར་སྤེལ་གྱི་རིག་གནས་གསར་གཏོད་རབ་དང་རིམ་པར་དམིགས་ནས། ལྡེབས་རིས་སྒྱུ་རྩལ་གྱི་མཛེས་སྡུག་རྒྱུན་གཏན་གྱི་འཚོ་བའི་ནང་མཉམ་འདྲེས་ཡོང་བར་བྱས་ཡོད། མཚོ་སྔོན་གྱི་ཞོ་དང་གླ་ཚེར་ཁུ་བ་སོགས་ཁྱད་ལྡན་ཐོན་རྫས་ཀྱིས་ལྟད་མོ་བར་མཐོང་ཐོས་ཕྱོགས་མང་ཀྱི་རིག་གནས་ཤེས་ཚོར་དུ་བཅུག་ནས་རིག་གནས་ཉམས་ལེན་ཐུབ་པ་བྱུང་ཡོད།

རིག་གཞུང་སྤེལ་རེས་བྱེད་སྒོའི་ཡུལ་དངོས།
ད་ཐེངས་ཀྱི་འགྲེམས་སྟོན་གྱིས“མི་རིགས་འགྲོ་འོང་སྤེལ་རེས་མཉམ་འདྲེས”གཙོར་བཟུང་ནས་ཀྲུང་ཧྭའི་ཤེས་རིག་ལོ་རྒྱུས་ཀྱི་སྤྱི་ཡོངས་ལ་གཞིགས་ཏེ། མཚོ་སྔོན་གྱི་དར་གོས་ལམ་བུའི་རིག་དངོས་དང་གྲོ་ཚང་རྡོ་རྗེ་འཆང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་སྔོག་འདོན་ཟབ་མོ་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཁྲོད་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ས་བབ་དང་རིག་གནས་རིན་ཐང་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཏེ། ལོ་ངོ་དྲུག་བརྒྱའི་རིང་གི་མི་རིགས་མཉམ་འདྲེས་ཀྱི་ལོ་རྒྱུས་སྙན་ངག་དང་། སྒྱུ་རྩལ་གྱི་མཆོག་ནོར། དུས་རབས་ཀྱི་ནང་དོན་བཅས་སྤྱི་དམངས་ཀུན་ལ་མངོན་པར་བྱས་པས། དེ་ནི་དུས་རབས་གསར་པའི་རིག་གནས་འགན་འཁྲི་ལག་ལེན་གཏིང་ཟབ་བསྟར་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གསོན་ཉམས་ལྡན་པའི་རིག་གནས་ལག་ལེན་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་བྱེད་པའི་རིང་ལ་མ་ལག་ཚང་བའི་རིག་གཞུང་འཆད་ཁྲིད་རབ་དང་རིམ་པ་བྱ་རྒྱུ་ཡིན་པར་མ་ཟད། གྲངས་འཛིན་རྟོག་བཟོའི་འགྲེམས་སྟོན་ཁང་ལ་བརྟེན་ནས། ཉམས་པ་མེད་པའི“སྤྲིན་སྣེའི་འགྲེམས་སྟོན”བཟོས་ཏེ། ལྟད་མོ་བ་མང་པོ་ཞིག་ཡུལ་དུས་ཀྱི་ཚད་བཀག་བརྒལ་ནས་དར་གོས་ལམ་བུའི་ཤེས་རིག་གི་མཚར་སྡུག་དང་མི་རིགས་མང་པོ་མཉམ་འདྲེས་ཀྱི་རྨང་གཞི་མཐུག་པོར་མྱོང་ཚོར་ཐུབ་པར་བྱ་རྒྱུ་རེད།