ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ75འཁོར་བ།

སྤེལ་དུས 2026-05-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

             ཟླ5པའི་ཚེས23ཉིན་ནི་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་རེད། ལོ75སྔོན་གྱི་ཉིན་དེར། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཞིང་དུས་དེ་ནས་བཟུང་དུས་རབས་ཀྱི་སྒོ་མོ་གསར་དུ་ཕྱེ།

             ལྷ་སར་བཅིངས་འགྲོལ་ལམ་ཟེར་བ་ཞིག་ཡོད་ཅིང་། དེ་ནི་སྒྲ་མེད་པའི་དྲན་སྐུལ་ཞིག་དང་འདྲ་བར་ལྷིང་འཇགས་ངང་གྲོང་ཁྱེར་ནང་དུ་བསྲིངས་ཡོད། མཐོ་སྒང་གི་མི་མང་པོ་ཞིག་གི་མིང་ལ“བཅིངས་འགྲོལ”ཟེར་ཞིང་། མིང་དེ་འབོད་ཐེངས་རེ་རེ་ནི་ལོ་རྒྱུས་ཀྱི་བྲག་ཆ་དང་གཉིས་སུ་མ་མཆིས། གྲོང་ཚོ་དང་ཁྲོམ་གཞུང་ཐ་ན་སྲང་ལམ་བཅས་སུ“བཅིངས་འགྲོལ་སྡེ་ཁུལ”དང “བཅིངས་འགྲོལ་གྲོང་ཚོ”ཞེས་པ་གང་སར་མཐོང་རྒྱུ་ཡོད། མིང་དེ་དག་ནི་སྟེས་དབང་གིས་བསྐྱར་ཟློས་མ་ཡིན་པར། དེ་ནི་མི་རབས་ནས་མི་རབས་བར་མཐོ་སྒང་བུ་ཕྲུག་གིས་རེ་སྒུག་དང་དྲིན་ཚོར་དག་རྡོ་ལ་རི་མོ་བརྐོས་པ་བཞིན་རང་ཉིད་གནས་ས་འདིར་ཟབ་མོར་བརྐོས་པ་ཞིག་རེད།

             “བཅིངས་འགྲོལ”ཞེས་པའི་ཡིག་འབྲུ་དེ་དག་ལ་ལོ་རྒྱུས་དང་མཐོ་སྒང་བུ་ཕྲུག་ཁྲི370ལྷག་ཙམ་གྱི་ལས་དབང་ཡང་འཁོད་ཡོད།


ལྷ་སའི་བཅིངས་འགྲོལ་ལམ།

             “བཅིངས་འགྲོལ”ཞེས་པ་ནི་ཕུགས་བསམ་ཞིག་རེད།

             1949ལོར། ཀྲུང་གོ་གསར་པ་དབུ་བརྙེས་པའི་གཏམ་བཟང་དེ་སྨུག་རྡུལ་གསེབ་ནས་ཐོན་པའི་ཞོགས་པའི་སྐྱ་རེངས་བཞིན་དུ་གངས་ལྗོངས་སུ་འཕྲོས་ཤིང་། བོད་ལྗོངས་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ་དང་མི་རིགས་ཁག་གི་མི་སེར་ཚོས་སྙིང་དབུས་ནས་བརྩི་བཀུར་ཞུས་པ་དང་ཚང་མའི་སྤྲོ་སེམས་རབ་ཏུ་འཁོལ།

             ཀྲུང་གོ་གསར་པ་དབུ་བརྙེས་པའི་ཉིན་དེར། པཎ་ཆེན་སྐུ་ཕྲེང་བཅུ་པས་ཀྲུང་དབྱང་སྲིད་གཞུང་ལ“མྱུར་དུ་དྲང་བདེན་གྱི་དམག་དཔུང་བཏང་ནས་བོད་ལྗོངས་བཅིངས་འགྲོལ་དང་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་སྐྲོད་གཏོང་རོགས ”ཞེས་པའི་གློག་འཕྲིན་བཏང་།

             ཟླ12པའི་ཚེས2ཉིན། སྔོན་བོད་ལྗོངས་ཀྱི་རྭ་སྒྲེང་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་སྐུ་འཁོར་ཡེ་ཤེས་ཚུལ་ཁྲིམས་ཟི་ལིང་དུ་ཕེབས་ནས་མི་དམངས་བཅིངས་འགྲོལ་དམག་ལ་བཙན་རྒྱལ་རིང་ལུགས་ཀྱིས་བོད་ལྗོངས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་སྡིག་ཉེས་ཐེར་འདོན་བྱས་ཏེ། བོད་ལྗོངས་ མགྱོགས་མྱུར་བཅིངས་འགྲོལ་གཏོང་རྒྱུའི་རེ་བ་ཞུས། སྐབས་དེ་དུས་བོད་ལྗོངས་སུ་སྙན་གྲགས་ཆེ་བའི་བོད་ཀྱི་མཁས་དབང་ཤེས་རབ་རྒྱ་མཚོས་ཀྱང་ཞི་ཨན་དུ་གཏམ་བཤད་སྤེལ་ནས་བཙན་རྒྱལ་རིང་ལུགས་ཀྱིས་ལྷ་སའི་དབང་འཛིན་ལས་ཁུངས་ལ“རང་བཙན”ཟེར་བའི་ལྐོག་གཡོ་ངན་ཇུས་བཤམས་པར་རྒོལ་གཏམ་སྤེལ།

              “བཅིངས་འགྲོལ”ནི་མི་ཉུང་ཤས་ཤིག་གི་བསམ་ཚུལ་ཙམ་མི་ཡིན་པར། དེ་ནི་བོད་ལྗོངས་མི་དམངས་ཀྱི་རེ་སྒུག་ཆེན་པོ་ཞིག་རེད།1950ལོའི་ལོ་འགོར། བོད་རིགས་ཞིང་འབྲོག་པ་དང་། གཞོན་ནུ། བུད་མེད། དམངས་གཙོའི་མི་སྣ་བཅས་ཀྱི་འཐུས་མི་བརྒྱ་ལྷག་ཙམ་བཅིངས་འགྲོལ་བཏང་མ་ཐག་པའི་ལན་ཀྲོའུ་རུ་འཛོམས་ནས་བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུའི་རེ་བ་བཏོན།

              ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་རྣམ་གཉིས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པར་གློག་འཕྲིན་སྤྲིངས་སྐབས། “བོད་ལྗོངས་མི་དམངས་ནི་མེས་རྒྱལ་ལ་དགའ་ཞེན་དང་ཕྱི་རྒྱལ་གྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་མཁན་ཤ་སྟག་ཡིན་པས། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བོད་ལྗོངས་མི་དམངས་ཀྱི་འདུན་པ་དེ་སྐོང་ཐུབ་ངེས་རེད”ཅེས་བསྟན་གནང་ཡོད། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མཁས་མཛངས་ལྡན་པའི་ཐབས་ཇུས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་རེ་སྒུག་འོག བོད་ལྗོངས་བཅིངས་འགྲོལ་གཏོང་བའི་རླབས་ཆེན་བྱ་གཞག་དེ་དངོས་སུ་འགོ་ཚུགས་ཡོད།

             1951ལོའི་ཟླ5པའི་ཚེས23ཉིན། བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ལྗོངས་ས་གནས་སྲིད་གཞུང་གི་གྲོས་མཐུན》(བསྡུས་མིང་ལགྲོས་མཐུན་དོན་ཚན་བཅུ་བདུན》)བཞག་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས། དུས་དེ་ནས་བཟུང་། བོད་ལྗོངས་མི་དམངས་ནམ་ཡང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་བསྐྱོད་ཡོད།

             ཞི་བས་བཅིངས་འགྲོལ་དེ་ཉིད་འགོ་འཛུགས་སར་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེགྲོས་མཐུན་དོན་ཚན་བཅུ་བདུནལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། མེས་རྒྱལ་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པ་བཟོས་པས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་རང་ཁྱིམ་རང་བདག་བྱུང་ནས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་ལེན་ཐུབ་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པས། བོད་ལྗོངས་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད།

             དུས་རབས་གསར་པར་སླེབས་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ལྗོངས་དབུལ་བྲལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་དེ་བས་བརྟན་ལྷིང་དང་། དཔལ་འབྱོར་དང་རིག་གནས་དེ་བས་དར་རྒྱས། སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་བཅས་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་འདྲེན་བྱེད་ལམ་དུ་མངོན་ཡོད།

             བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་དོན་ཆེན་རླབས་པོ་ཆེ་དེ་མཐོ་སྒང་བུ་ཕྲུག་གིས་བརྩེ་བ་ཟབ་མོ་འཆང་བཞིན་བློ་ལ་བརྟན་པོར་ངེས་ཡོད་དེ། ཁྱིམ་ཚང་གྲངས་ལས་འདས་པས་ཕྲུ་གུ་དམར་འབྱར་ལ“བཅིངས་འགྲོལ”ཞེས་པའི་མིང་བཏགས་ཡོད་ཅིང་། མིང་དེ་ལས་མི་སྒེར་གྱི་དྲན་ཤེས་མཚོན་པ་མ་ཟད། བཅིངས་འགྲོལ་བཏང་བའི་དྲིན་ཚོར་དང་གུང་ཁྲན་ཏང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དེ་བས་ཀྱང་མཚོན་ཡོད།

              ལོ60ལ་སླེབས་པའི་ལྷ་ས་གྲོང་ཁྱེར་སྣེའུ་ཁྲོམ་གཞུང་ཁྲ་གུ་གྲོང་ཚོའི་གྲོང་མི་བཅིངས་འགྲོལ་གྱིས“ཕ་མས་ང་རང་ལ་བཅིངས་འགྲོལ་ཞེས་པའི་མིང་འདོགས་དོན་ནི་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུ་བ་དང་། ཏང་གི་དྲིན་ཚོར་དང་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད ” ཅེས་བཤད།


བོད་ལྗོངས་མི་རིགས་ཁག་དང་ལས་རིགས་ཁག་གིས་མེ་ཏོག་ཕུལ་བ་དང་འབྲེལ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་ལ་མཇལ་བ།

             “བཅིངས་འགྲོལ”ཞེས་པ་ནི་དྲིས་ལན་ཞིག་རེད།

             ལོ་ངོ75ཡི་རིང་། “བཅིངས་འགྲོལ”ཞེས་པའི་མིང་སྙན་པོ་དེ་རིག་རྒྱུ་མེད་པ་བརྩེ་བ་ཙམ་ཞིག་ནས་དངོས་དངོས་རྗེན་རྗེན་གྱི་འཚོ་བ་ཡག་པོ་ཞིག་ཏུ་གྱུར་ཡོད།

             བཅིངས་འགྲོལ་གྱིས“ད་ཆ་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པས་སྒོ་རྩིས་ཚོང་ཁང་དུ་གང་དགོས་ཚང་མ་འདུག གང་བཟའ་འདོད་ཀྱང་ཉོ་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།

             འོན་ཀྱང“བཅིངས་འགྲོལ་མ་བཏང་གོང་གི་བོད་ལྗོངས་སུ་ལྟོ་ཕོར་བ་གང་གིས་ལྟོ་ཐུན་གསུམ་འཁྱོལ་བ་བྱེད་དགོས། ཟ་མ་ཟེར་བ་ནི་བཀྲེས་སྐོམ་གྱི་ཚོར་བ་དེ་མནན་ཐུབ་ཙམ་ལས་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་གཏན་ནས་མེད”ཅེས་ཕ་མས་གསུངས་པའི་བཀའ་མོལ་དེ་དག་བཅིངས་འགྲོལ་གྱིས་བརྗེད་ཀྱི་མེད།

             བཅིངས་འགྲོལ་སློབ་གྲྭར་འགྲོ་མྱོང་མེད། གཞོན་ནུའི་དུས་སུ་ཁྲ་གུ་གྲོང་ཚོ་དང་ལྷ་སའི་དབར་ཚོང་ཙག་ཙིག་རྒྱག་པ་དང་ཞིང་བྲེལ་སྐབས་ཞིང་ལས་བྱེད་ཀྱི་ཡོད།  “རིག་གནས་མེད་པས་གྱོང་མང་པོ་རག་བྱུང ” ཁོང་གིས་སྐད་ཆ་དེ་བཤད་སྐབས་འཁང་ར་མི་བྱེད་པར་བློ་བརྟན་འགྱུར་མེད་ངང“དེར་བརྟེན་ངའི་མི་ཚེ་འདིའི་བསམ་འདུན་ཆེ་ཤོས་ནི་ཕྲུ་གུ་ཚོ་ངའི་ལམ་རྙིང་པར་མི་འགྲོ་བ་དེ་ཡིན” ཞེས་བཤད།

             བཅིངས་འགྲོལ་གྱིས་ད་དུང་ལོ་དེ་དག་གི་མཚན་མོར་དྲན་གསོ་བྱེད་བཞིན་དུ།  “ཁྱིམ་དུ་བརྙན་འཕྲིན་མེད་པས་ཕྲུ་གུ་ཚོ་མ་ཉལ་གོང་ཁོང་ཚོར་སྒྲུང་བཤད་ཀྱི་ཡོད། སྒྲུང་མ་བཤད་གོང་སྔོན་ལ་རང་ཉིད་ཆུང་དུས་ཀྱི་མྱོང་བ་དང་ཕ་མའི་དུས་ཀྱི་སྡུག་བསྔལ་བཤད་ཀྱི་ཡོད། ད་དུང་ཁོང་ཚོར་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ཏེ་ཤེས་བྱར་བརྟེན་ནས་ལས་དབང་འགྱུར་ལྡོག་གཏོང་དགོས་པ་ལས། ཨ་ཕ་དང་འདྲ་བར་རིག་གནས་མེད་པར་ཅི་ཡང་སྒྲུབ་མི་ཐུབ་པར་སྡོད་མི་རུང་ཞེས་བཤད་ཀྱི་ཡོད”ཅེས་བརྗོད།

             བསམ་འདུན་དེ་ད་ཆ་མངོན་འགྱུར་བྱུང་ཡོད། བཅིངས་འགྲོལ་གྱི་ཕྲུ་གུ་གསུམ་པོ་སློབ་ཆེན་ལ་ཚུད་པ་དང་ད་ཆ་ལས་ཀ་བརྟན་པོ་ཞིག་རག་ཡོད། ཚ་བོ་བཞི་ཡོད་པ་ནང་ཆུང་ཤོས་དེ་བུ་བཅོལ་ཁང་དུ་འགྲོ་བཞིན་ཡོད་པ་དང་། ཁོང་གིས“ཉིན་ལྟར་ཚ་བོ་ཆུང་ཤོས་བསུ་སྐྱེལ་བྱེད་པ་ཕུད། དེ་མིན་གྱི་དུས་ཚོད་ཚང་མར་གང་བྱེད་འདོད་ན་དེ་བྱེད་ཀྱི་ཡོད ” ཅེས་བཤད།

             འགྱུར་ལྡོག་ཆེ་ཤོས་ནི་གྲོང་ཚོ་དེ་རང་རེད།

             “ཆུང་དུས་ས་ཕག་གི་ཁང་པའི་ནང་སྡོད་ཀྱི་ཡོད། ཆར་པ་འབབ་རིམ་བཞིན་ཆུ་འཛག་པ་དང་ཞིག་གསོ་ཡང་སེ་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད། སྐབས་དེ་དུས་གྲོང་མིའི་འཚོ་བ་ཧ་ལམ་ས་ཞིང་མུའུ་ཁ་ཤས་ལ་བརྟེན་དགོས་ཀྱི་ཡོད”ཅེས་བཅིངས་འགྲོལ་གྱིས་དྲན་གསོ་བྱེད་བཞིན་དུ་བཤད།

             སྔོན་ཆད་ཀྱི་ཁྲ་གུ་གྲོང་ཚོ་དེ་ཉིད་ལྷ་ས་གྲོང་ཁྱེར་དང་ཁ་སྤྲོད་དུ་གནས་ཡོད་མོད། འོན་ཀྱང་གཙང་པོས་ཆོད་པས་གྲོང་ཚོ་དེ་ལུང་ཁུག་རྗེས་ལུས་ཀྱི་གྲོང་ཚོ་ཞིག་རེད། 1965ལོའི་ཟླ8པའི་ཚེས25ཉིན། ལྷ་ས་སྐྱིད་ཆུ་འཕྲེད་བརྒལ་བྱས་པའི་ཟམ་ཆེན་དང་པོ་ལྷ་ས་ཟམ་ཆེན་དངོས་སུ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ། ས་གནས་དེ་གའི་མང་ཚོགས་ཀྱིས་ཀོ་གྲུ་ལ་བརྟེན་ནས་གཙང་པོ་སྒྲོལ་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད།


ལྷ་ས་གྲོང་ཁྱེར་གྱི་སྣེའུ་ཁུལ་གསར།

             ད་ཆ་སྣེའུ་ཟམ་ཆེན་དང་། གཙང་རལ་ཟམ་ཆེན། གཉེན་བསུའི་ཟམ་ཆེན་སོགས་དེང་རབས་ཅན་གྱི་ཟམ་པ10ལྷག་ཙམ་སྔ་རྗེས་སུ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད་པས། ཁྲ་གུ་གྲོང་ཚོ་ནི“གཙང་པོས་ཆོད་ནས་གྲོང་ཁྱེར་དུ་སྐྱོད་མི་ཐུབ་པའི”ས་ཆ་དེ་མ་ཡིན་པར། དེ་སྔའི་གྲོང་ཚོ་ཆུང་ཆུང་དེ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་གསར་དར་སྡེ་ཁུལ་ཞིག་ཏུ་གྱུར་ཡོད།

             ད་ཆའི་བཅིངས་འགྲོལ་ཐོག་སོ་གཉིས་ལྡན་གྱི་སྒོ་ར་ཡོད་པའི་བོད་བཟོའི་ཁང་པའི་ནང་སྡོད་ཀྱི་ཡོད་ཅིང་། ཁོང་གིས“དཀར་ཆ་དོད་ལ་གུ་ཡངས་པོ་ཡོད་པས། ལོ་གསར་དང་དུས་ཆེན་སྐབས་གཉེན་ཉེ་གྲོགས་པོ་མཉམ་དུ་འཛོམས་ན་དངོས་གནས་སྐྱིད་སྣང་དོད་པོ་འདུག སྒོ་རའི་ཕྱི་རོལ་དུ་ད་དུང་སྔོ་ཚལ་དང་། ལ་ཕུག ཞོག་ཁོག་སོགས་བཏབ་ཡོད་པ་མ་ཟད་ཉི་མ་ཡང་དྲོ་པོ་ཡོད། ད་ཆ་བུ་ཕྲུག་བརྟེན་མི་དགོས་པར་རང་ཉིད་ལ་ཁང་གླ་ལེན་རྒྱུ་ཡོད”ཅེས་བཤད།

             ཁྲ་གུ་གྲོང་ཚོར་བཅིངས་འགྲོལ་ལྟ་བུའི་ཁྱིམ་ཚང་མང་པོ་ཡོད། དེ་སྔ་ས་ཕག་གི་ཁང་པ་དམའ་པོ་དང་། འདམ་རྫབ་ཀྱིས་ཁེངས་པའི་ས་ལམ། ཡིག་རྨོངས་ཀྱི་གྲོང་མི་བཅས་ལས་མེད། ད་ཆ་སྡེ་ཁུལ་དུ་འཕྲོད་བསྟེན་ཁང་དང་། རིག་གནས་ཁང་། བུ་བཅོལ་ཁང་བཅས་ཡོད་ལ། ཁྱིམ་ཚང་ཚང་མ་བདེ་སྡོད་ཁང་པར་སྤོས་པ་དང་གྲོང་མི་ཚོས་སྟབས་བདེའི་འགྲིམ་འགྲུལ་དང་། ཤར་གཏོང་ཐུབ་པའི་དྲ་རྒྱ། ཕུན་སུམ་ཚོགས་པའི་ཚོང་ཟོག་བཅས་དང་དེ་བཞིན་ཕྲུ་གུར་སློབ་གསོ་ཡག་པོ་ཐོབ་པའི་གོ་སྐབས་ཀྱང་ལོངས་སུ་སྤྱོད་བཞིན་ཡོད།

             བཅིངས་འགྲོལ་གྱིས“ད་ཆའི་འཚོ་བར་བློ་ཡིད་ཧ་ཅང་ཚིམ་པོ་འདུག”ཅེས་བཤད། ཕ་མའི་དུས་ཀྱི“ལྟོ་ཕོར་བ་གང་གིས་ལྟོ་ཐུན་གསུམ་འཁྱོལ་བའི”བཀྲེས་ལྟོགས་ཀྱི་དྲན་ཤེས་ནས་རང་ཉིད་དུས་ཀྱི“རིག་གནས་མེད་པའི་རྐྱེན་གྱིས་གྱོང་གུན་མང་པོ་ཕོག་པའི”བར་དང་། ཕྲུ་གུ་ཚོས་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་བ་དང་ཚ་བོ་ཚོ་སེམས་ཁྲལ་མེད་པར་བུ་བཅོལ་ཁང་དུ་བསྐྱོད་པའི་བར། བཅིངས་འགྲོལ་གྱི་མི་ཚེ་ནི་བོད་ལྗོངས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོའི་མཚོན་ཚུལ་ཞིག་རེད།

             ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བགྲང་བྱ75ནི་དུས་ཡུན་ཐུང་ངུ་ཡིན་མོད། འོན་ཀྱང་བཅིངས་འགྲོལ་དང་ཁོང་གི་ཡུལ་མི་སྤུན་ཟླ་ཚོའི་ངོས་ནས་བརྗོད་ན། དེ་ནི་བཀྲེས་ལྟོགས་ནས་ལྟོ་གོས་འཛོམས་པའི་བར་དང་། ས་ཕག་གི་ཁང་པ་ནས་ཐོག་བརྩེགས་ཁང་པའི་བར། ཡིག་རྨོངས་ནས་ཤེས་བྱའི་ལས་དབང་བར་གྱི་ལོ་ངོ75རེད།


སྔོ་ལྗང་གིས་ཁེབས་པའི་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར།

              “བཅིངས་འགྲོལ”ཞེས་པ་ནི་སྟོབས་ཤུགས་ཤིག་རེད།

             བཅིངས་འགྲོལ་གྱི་གཏམ་རྒྱུད་ནི་དཔེ་མཚོན་ཙམ་ཞིག་ཡིན་ཞིང་། དེ་ལྟ་བུ་བོད་ལྗོངས་སུ་ད་དུང་མང་པོ་ཡོད།

             “ཁྲ་གུ་གྲོང་ཚོར་བཅིངས་འགྲོལ་ཞེས་པའི་གྲོང་མི་བཞི་ཡོད་པ་ཚང་མ་བཅིངས་འགྲོལ་བཏང་རྗེས་སྐྱེས་པ་ཤ་སྟག་རེད”ཅེས་བཅིངས་འགྲོལ་གྱིས་བཤད། བོད་ལྗོངས་ཡོངས་ལ་བལྟས་ཚེ། “བཅིངས་འགྲོལ”ཞེས་པ་གྲངས་ལས་འདས་པ་དང་། ཁོང་ཚོ་ལོ་ན་མི་འདྲ་ཞིང་། ལས་རིགས་མི་འདྲ་ལ། འཚོ་བ་སྐྱེལ་སྟངས་ཀྱང་མི་འདྲ་མོད། འོན་ཀྱང་ཁོང་ཚོར་མིང་གཅིག་པ་དང་། ལོ་རྒྱུས་དང་བརྩེ་སེམས་གཅིག་པ་ལྡན།

             “བཅིངས་འགྲོལ་དམག་མི་ཡག་པོ་འདུག”ཅེས་པའི་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་གཏིང་གི་སྐད་ཆ་དེ་ལོ75ཡི་གོང་ནས་ད་བར་གྲགས།

             ལྷ་སའི་བཅིངས་འགྲོལ་ལམ་ནས་ལྷོ་ཁའི་བཅིངས་འགྲོལ་གྲོང་ཚོ་བར་དང་། ནག་ཆུའི་བཅིངས་འགྲོལ་སྡེ་ཁུལ་ནས་གཞིས་རྩེའི་བཅིངས་འགྲོལ་ཚོང་ཁང་བར། “བཅིངས་འགྲོལ”ཞེས་པའི་ཡིག་འབྲུ་དག་ནི་སྔ་ས་ནས་མིང་ཞིག་དང་། ལམ་ཞིག ས་རྟགས་ཤིག་བཅས་ཙམ་མ་ཡིན་པར་དེ་སྔ་ས་ནས་བསམ་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།

             དེས་བཅིངས་འགྲོལ་གྱི་བཀའ་དྲིན་མཚོན་ཞིང་། ལོ་ངོ75ཡི་གོང་། བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་འཚོ་ཐབས་བྱེད་དགོས་པ་དང་། མི་འབོར་གྱི་བསྡུར་ཚད5%ཡང་མ་ཟིན་པའི་དཔོན་རིགས་དང་། སྐུ་དྲག མཐོ་རིམ་གྲྭ་བཙུན་བཅས་ཀྱིས་རྨོ་ཞིང་དང་། འབྲོག་ར། ཕྱུགས་རིགས་མང་ཆེ་བ་བཟུང་བ་དང95%ཡན་གྱི་ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་གང་ཡང་མེད་པ་མ་ཟད། ཐ་ན་ཚེ་སྲོག་ཀྱང་ཞིང་བྲན་བདག་པོར་དབང་ཡོད། བོད་ལྗོངས་རྙིང་པའི“ཞལ་ལྕེའི”ནང་མི་རྣམས་རིམ་པ་གསུམ་དང་ཁག་དགུ་ལ་དབྱེ་བ་དང་། དམའ་རིམ་གྱི་མིའི་སྲོག་ལ་གཟན་ཐག་གཅིག་ལས་མི་གནས། ཀྲུང་གོ་གུང་ཁྲན་ཏང་གིས་བཅིངས་འགྲོལ་བཏང་ནས་ཁོང་ཚོར་མི་ལུས་རང་དབང་དང་། ས་ཞིང་། མི་ཞིག་བྱེད་པའི་ལ་རྒྱ་བཅས་ཐེངས་དང་པོར་ཐོབ་ཡོད།

              དེས་མེས་རྒྱལ་ལ་ཁས་ལེན་བྱས་པ་མཚོན། གྲོས་མཐུན་དོན་ཚན་བཅུ་བདུནབཞག་པའི་ཉིན་དེ་ནས་བཟུང་། བོད་ལྗོངས་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་དུ་རྦད་དེ་ལོག་ཡོད། ལོ་ངོ75ཡི་རིང་། མཚོ་བོད་ལྕགས་ལམ་གྱིས་གངས་རི་སྒྲོལ་བ་དང་། གློག་ཤུགས་དྲ་སྦྲེལ་ས་ཚིགས་ཀྱིས་འོད་སྣང་སྦྱིན་པ། རྒྱང་ཁྲིད་སྨན་བཅོས་གྲོང་གསེབ་ཏུ་ཁྱབ་པ་བཅས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱས་ཡོད།

             དེས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་དད་སེམས་བརྟན་པོ་དེ་བས་མཚོན་ཡོད། ད་ཆའི་བོད་ལྗོངས་སུ་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་བོད་ལྗོངས་རྙིང་པའི་ལོ35.5ནས་ལོ72.5བར་མཐོ་རུ་ཕྱིན་པ་དང་། GDPདེ1951ལོའི་སྒོར་དུང་ཕྱུར1.29ནས་སྒོར་དུང་ཕྱུར3031.89བར་འཕར་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ། ཕྲུ་གུ་ཚོས་ཡངས་ཤིང་རྒྱ་ཆེ་བའི་སློབ་ཁང་ནང་སློབ་སྦྱོང་བྱེད་པ། རྒན་རྒོན་ཚོས་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་ཚེ་མཇུག་བདེ་ལ་རོལ་བ། གཞོན་ནུ་ཚོས་ཡངས་ཤིང་རྒྱ་ཆེ་བའི་གནམ་སའི་བར་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་བྱེད་བཞིན་ཡོད།


མི་རིགས་ཁག་གི་མང་ཚོགས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཉམ་པར་བརྒྱབ་བཞིན་པ།

             ལོ་ངོ75ཡི་གོང་། “བཅིངས་འགྲོལ”ཞེས་པ་འདུན་པ་ཙམ་ཞིག་ཡིན་པ་དང་། བོད་ལྗོངས་ཀྱི་བུ་ཕྲུག་ཁྲི་སྟོང་མང་པོས་རེ་སྒུག་བྱེད་བཞིན་ཡོད་།

             ལོ་ངོ75སོང་རྗེས། “བཅིངས་འགྲོལ”ཞེས་པ་ནི་དྲིས་ལན་ཞིག་དང་འདྲ་བར། མཐོ་སྒང་གི་བུ་ཕྲུག་མི་རེ་ངོ་རེའི་འཚོ་བའི་ཁྲོད་ནས་མངོན་ཡོད་དེ། “ལྟོ་ཕོར་པ་གང་གིས་ལྟོ་ཐུན་གསུམ་འཁྱོལ་བ”ནས“གང་ཞིག་བཟའ་འདོད་ན་དེ་ཉོ་བའི”བར་གྱི་འཚོ་བའི་ཁྲོད་དང་། ས་ཕག་གི་ཁང་པ་ནས་ཐོག་བརྩེགས་ཁང་པའི་བར་གྱི་འཕོ་འགྱུར་ཁྲོད། ཡིག་རྨོངས་ནས་ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་བའི་མཆོང་སྐྱོད་བཅས་ལས་གསལ་ལེར་མངོན།

             ད་ཆ“ལོ་ལྔ་ཚན་བཅུ་ལྔ་པའི”འགོ་ཚུགས་ལོ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ75འཁོར་བའི་ལོ་རྒྱུས་ཀྱི་མཚམས་ཚིགས་སུ། “བཅིངས་འགྲོལ”ནི་དེ་བས་ཀྱང་སྟོབས་ཤུགས་ཤིག་ཡིན་ཞིང་། སྟོགས་ཤུགས་དེ་བོད་ལྗོངས་བུ་ཕྲུག་ཁྲི370ལྷག་ཙམ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སེམས་ནུས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་དང་གངས་ལྗོངས་དང་རྒྱལ་ཡོངས་དང་མཉམ་དུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པའི་ལམ་བུའི་ཁྲོད་ནས་མངོནཡོད།

             དེ་ནི“བཅིངས་འགྲོལ”གྱི་མི་ཚེའི་བགྲང་བྱ75རེད་ལ། དེའང་བོད་ལྗོངས་ལོ་རྒྱུས་ཀྱི་ལོ་ངོ75ཡང་རེད།

རྩོམ་སྒྲིག་པ། རིག་གྲོལ།