ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སེང་གེ་ཁ་འབབ་ངོགས་ཀྱི་གཞི་རིམ་བཅོས་སྐྱོང་གི་བདེ་སྐྱིད་ལྡན་པའི་རྒྱུགས་ལན།

སྤེལ་དུས 2026-08-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་སྒར་རྫོང་གིས“བོད་ནུབ་མཉམ་བཅོས། ཁྱིམ་ཀུན་བདེ་སྡོད”ཅེས་པའི་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་གི་ཁྱད་ལྡན་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་དེ་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་། དྲ་མིག་བཅོས་སྐྱོང་། སྣ་མང་མཉམ་བཅོས་བཅས་མཐའ་འཁྱོངས་ཀྱིས་གཞི་རིམ་བཅོས་སྐྱོང་བྱེད་པ“གཞན་སྐུལ་ཐག་གཅོད”ནས“རང་འགུལ་སྔོན་འགོག”དང“ཁ་ཐོར་དོ་དམ”ནས“མ་ལག་མཉམ་བཅོས”བར་འགྱུར་ལྡོག་བཏང་ཞིང་། མཐའ་མཚམས་བདེ་འཇགས་དང་མང་ཚོགས་བདེ་སྡོད་ཀྱི་མཛེས་རིས་ཤིག་བོད་ཀྱི་ས་གཞི་ཆེ་མོར་དལ་གྱིས་འཆར་བཞིན་ཡོད།
  “གྲུ་གཡོར་དམར་པོས”སེམས་ལ་དྲོ་སྐྱིད་སྦྱིན་པ།
  ཕྱི་དྲོའི་ཆུ་ཚོད་3པར། མངགས་སྐྱེལ་བ་ཀྲང་ཅིན་པེའོ་ཡིས་ཉིན་དགུང་གི་མངགས་ཐོ་མཇུག་ཤོས་དེ་བསྐྱལ་ཟིན་རྗེས་ཆ་རྒྱུས་ཆེན་པོས་པའེ་དབྱི་སྒོ་རྩིས་ཚོང་ཁང་གི་ཁ་སྤྲོད་དུ་གནས་པའི་གྲུ་གཡོར་དམར་པོའི་ས་ཚིགས་སུ་ཡོང་། ཁོང་གིས་ཐད་ཀར་འཐུང་ཆུའི་འཕྲུལ་ཆས་ནས་ཆུ་པི་ཙི་གང་བླངས་རྗེས་འཕུར་མཉེད་རྐུབ་སྟེགས་སྟེང་བསྡད་དེ་ཁ་པར་ལ་གློག་གསོག་འགོ་བཙུགས།
  “རྒྱུན་དུ་ཉི་མ་ཚ་པོ་དང་ལྷགས་པའི་འོག་མངགས་ཚོང་སྐྱེལ་དགོས། དཀའ་ལས་ཁག་ན་ས་ཚིགས་ཆུ་ཚོད་24ཡི་རིང་སྒོ་ཕྱེ་ནས་བཞག་ཡོད་པས་ངལ་གསོ་རྒྱག་ཞོར་དུ་ཁ་པར་ལ་གློག་གསོག་ཆོག”ཀྲང་ཅིན་པེའོ་ནི་སི་ཁྲོན་ནན་ཁྲུང་ནས་ཡིན་པ་དང་ད་ལོ་ལོ་34ལ་སླེབས་ཡོད་ཅིང་། སྒར་རྫོང་དུ་མངགས་སྐྱེལ་བ་བྱས་ནས་ལོ་གཉིས་འགྲོ་ཡི་ཡོད་པ་རེད།
  གྲུ་གཡོར་དམར་པོའི་ས་ཚིགས་ནི་སྒར་རྫོང་གིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་གཡུལ་སའི་ཐོན་ཁུངས་བསྡུ་སྒྲིལ་དང་དང་བླངས་སྟོབས་ཤུགས་གཅིག་སྡུད་ཀྱིས་དམིགས་སུ་བཙུགས་པའི་ཏང་དམངས་ཞབས་ཞུའི་འཐབ་ས་ཞིག་རེད། ས་ཚིགས་ཆུང་ངུ་དེར་སྲིད་ཇུས་སྒྲོག་འགྲེལ་དང་། དམངས་འདོད་འཚོལ་བསྡུ། འགལ་ཟླ་འདུམ་འགྲིག དམངས་ཕན་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་ཡོད་པས་གཞི་རིམ་དུ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ས་ཚིགས་ཡག་པོ་ཞིག་ཏུ་གྱུར་ཡོད།
  མིག་སྔར་རྫོང་ཡོངས་སུ་གྲུ་གཡོར་དམར་པོའི་ས་ཚིགས་4བསྐྲུན་ཡོད་ཅིང་། ད་ལོའི་ཟླ་2པར་གཉེར་སྐྱོང་བྱས་ཚུན་རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་1000ལྷག་ཙམ་ལ་ཞབས་འདེགས་ཞུས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་བརྒྱ་ལྷག་ཙམ་བསྡུ་རུབ་དང་ཐག་གཅོད་བྱས་ཡོད།
  རྐང་པ་གཉིས་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱོད་པ།
  ད་ལོའི་ལོ་འགོར་པེ་ཅིང་ལྷོ་ལམ་གྱི་ཀའོ་ཤིང་སྒོ་རྩིས་ཚོང་ཁང་གི་སྒོ་འགྲམ་དུ་རླངས་འཁོར་གང་བྱུང་དུ་བཞག་རྐྱེན་འཛད་སྤྱོད་པ་འགྲོ་འོང་བྱེད་སྐབས་སྟབས་བདེ་མེད་པས་ཚོང་ལ་སྐྱོན་བརྒྱབ་ནས་སྦྱིན་བདག་ཧྥུའུ་མིང་ཅིན་སེམས་ཁྲལ་ཆེན་པོ་ལངས་ཡོད།
  བདེ་སྐྱིད་སྡེ་ཁུལ་གྱི་དྲ་མིག་པ་དཔལ་ལྡན་གྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ལམ་སེང་ས་ཡུལ་དངོས་ཀྱི་གནས་ཚུལ་པར་བརྒྱབ་ནས་རང་སྐྱོང་ལྗོངས་ཕྱོགས་བསྡུས་བཅོས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་ཐོག་བསྐུར། ཡུན་རིང་མ་སོང་བར་སྒོ་འགྲམ་དུ་རླངས་འཁོར་འཇོག་སའི་ལམ་ཐིག་ཚད་ལྡན་བཟོས་པ་དང་རླངས་འཁོར་གྲལ་སྟར་འགྲིག་པོས་བཞག་པས་སྒོ་རྩིས་ཚོང་ཁང་འཁྲུག་ཆ་དོད་དུ་ཕྱིན་ཡོད།
  དེ་དང་འདྲ་བར་གཙང་པོ་སྡེ་ཁུལ་དུ་དྲ་མིག་བཅོས་སྐྱོང་འཐབ་ས་དང་པོར་སྣུར་སྲིང་བྱས་ཡོད། སྡེ་ཁུལ་གྱི“ཏང་ཨུད་ཆེ་མོས”“འབྱོར་ཐོ་གཉིས་འགོད་དང་ཞབས་ཞུ་གཉིས་སྒྲུབ”ཀྱི་ལས་ཀའི་ལམ་སྲོལ་བརྒྱུད། སྡེ་ཁུལ་གྱི་ཏང་ཀྲི་པུའུ་དང་། དྲ་མིག་ཏང་ཚོགས་ཆུང་། ཏང་ཡོན་གྱི་ལྟེ་བའི་དུད་ཚང་བཅས་ཟུང་འབྲེལ་གྱི་དྲ་མིག་ཅན་གྱི་དོ་དམ་མ་ལག་བཙུགས་ནས་སྡེ་ཁུལ་དེ་དྲ་མིག་12ལ་དབྱེ་ཡོད།
  མི་རིང་བའི་གོང་། རྒན་ཡོལ་ཁུལ་བཞི་པའི་གྲོང་མི་མང་པོ་ཞིག་གིས་གོང་ཞུ་བྱས་པ་ལྟར་ན། མི་ལ་ལས་རང་དགར་མེ་གསོད་བགྲོད་ལམ་བཟུང་སྤྱོད་བྱས་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་ཡོད་པ་རེད། དེས་ན་སྡེ་ཁུལ་གྱིས་འཕྲལ་དུ་གནད་དོན་དེ་འབྲེལ་ཡོད་ཚན་པར་གོང་ཞུ་བྱས་པ་དང་སྦྲགས་ལས་དོན་པ་དང་མཉམ་དུ་སྒོ་རྩར་བསྐྱོད་ནས་ཁ་ཏ་བསླབ་བྱ་བྱས་པས་གནད་དོན་བཅོས་སྒྲིག་མགྱོགས་པོ་ཐུབ་ཡོད།
  གཙང་པོ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དཔལ་ལྡན་བསམ་གྲུབ་ཀྱིས་སྡེ་ཁུལ་གྱི་ལས་དོན་པས་དུད་ཚང་དུ་བསྐྱོད་དེ་བརྟག་དཔྱད་བྱེད་སྐབས་མང་ཚོགས་ཀྱི་དགོས་མཁོ་རེ་རེ་བཞིན་ཐོ་འགོད་བྱས་ནས“དགོས་མཁོའི་གསལ་ཐོ”བཟོས་པ་དང་ཐོ་འགོད་ཚན་པས་རང་ངོས་ཀྱི་འགན་ནུས་ཀྱི་ལེགས་ཆ་དང་ཟུང་འབྲེལ་གྱིས་ཁས་ལེན་ཐག་གཅོད་བྱས་ཡོད།
  སྒར་རྫོང་དུ་དྲ་མིག་དེ་ལྟ་བུ་54ཡོད་པས་ཤང་དང་གྲོང་རྡལ་ཚང་མར་ཁྱབ་ཡོད།
  དྲ་མིག་ཆུང་ཡང་ཐ་སྐྱོང་བྱེད་པ་ནི་དམངས་འཚོའི་དོན་ཆེན་ཤ་སྟག་རེད། དྲ་མིག་ལས་དོན་པས་གང་སར་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། ལྷག་བསམ་ཟོལ་མེད་ངང་དམངས་ཀྱི་སེམས་ཁྲལ་བསལ་ནས་གཞི་རིམ་བཅོས་སྐྱོང་གི་ལས་དོན་དེ་ཕྱོགས་མཚམས་ཀུན་ལ་ཁྱབ་པར་བྱས་ཡོད།
  སྒོ་གཅིག་ནས་འགལ་ཟླ་མང་པོ་བསལ་བ།
  2024ལོའི་ཟླ་9པར། ཀུང་སི་ཀ་པས་ཀུང་སི་ཁ་པ་དང་དངུལ་བུན་གཏོང་ལེན་གྱི་གན་རྒྱ་བཞག་སྟེ། 2024ལོའི་ཟླ་12ལ་དངུལ་བུན་འཇལ་རྒྱུའི་ཁ་ཆད་བཞག འོན་ཀྱང་ད་ལོའི་ཟླ་6པའི་ཟླ་འགོར་སླེབས་ཀྱང་ཀུང་སི་ཁ་པས་ད་དུང་དངུལ་བུན་འཇལ་མེད།
  ཟླ་6ཚེས་4ཉིན། ཀུང་སི་ཀ་པའི་ལས་མི་སྒར་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་རོགས་སྐྱོབ་ཞུ་བར་ཡོང་། ཆེད་བསྐོས་འདུམ་འགྲིག་པ་ནོར་བུ་ཆོས་འཕེལ་གྱིས་དོན་དེ་རྩིས་བླངས་རྗེས་འགལ་ཟླའི་རྒྱུ་རྐྱེན་གསེད་བཀྲོལ་ནན་ཏན་བྱས་པ་དང་། དཔང་རྟགས་རེ་རེ་བཞིན་བཙལ་བ་མ་ཟད་ངང་རྒྱུད་རིང་པོས་ཁ་པ་ཕྱོགས་ལ་ཁ་ཏ་བསླབ་བྱ་བྱས་པས། ཟླ་6ཚེས་9ཉིན་ཕྱོགས་གཉིས་དབར་གྲོས་མཐུན་བྱུང་ཡོད།
  རྩོད་གཞི་འདི་ཐག་གཅོད་ཀྱི་རོགས་སྐྱོར་ཞུས་པ་ནས་ཐག་གཅོད་ཐུབ་པའི་བར་ཉིན་ལྔ་ལས་འགོར་མེད།
  ནོར་བུ་ཆོས་འཕེལ་ནི་སྒར་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་མངགས་པའི་ཆེད་བསྐོས་འདུམ་འགྲིག་པ་ཞིག་ཡིན་ཞིང་། ཁོང་གིས་གསར་འགོད་པར་ངས་འདུམ་འགྲིག་བྱས་པའི་རྩོད་གཞི་ནང་དཔལ་འབྱོར་གྱི་རྩོད་གཞི་དང་ངལ་ནུས་ཀྱི་རྩོད་གཞི་ཅུང་མང་པོ་ཡོད། “འདུམ་འགྲིག་བྱེད་པའི་ཞོར་ལ་ངས་ཕྱོགས་གཉིས་ཀར་ཁྲིམས་ལུགས་ཁྱབ་གདལ་གཏོང་གི་ཡོད”ཅེས་བཤད།
  སྒར་རྫོང་དུ་རྫོང་དང་ཤང་རིམ་གཉིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་འགལ་ཟླ་དང་རྩོད་གཞི་སེལ་མཁན“འཐབ་ས་གཙོ་བོར”གྱུར་ཡོད། ལྟེ་གནས་ཀྱིས་མི་དམངས་ཀྱི་འདུམ་འགྲིག་དང་། སྲིད་འཛིན་གྱི་འདུམ་འགྲིག གཏུག་བཤེར་གོང་གི་འདུམ་འགྲིག ཡིག་འབུལ་ཞུ་བཅར་དང་འདུམ་འགྲིག་སྦྲེལ་མཐུད་སོགས་ཕྱོགས་མང་པོའི་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ“སྒོ་གཅིག་ལས་འཛུལ་མི་དགོས་པ་དང་མང་ཤོས་ལའང་ས་ཆ་གཅིག་རང་ལས་འགྲོ་མི་དགོས་པའི”དམངས་ཕན་ཞབས་ཞུ་སྒྲུབ་སྟངས་ཁྱབ་སྤེལ་བཏང་ནས་འགལ་སེལ་རེ་ཞུ་བདག་སྤྲོད་དང་། རིགས་དབྱེ་འཁོར་རྒྱུག མཉམ་འབྲེལ་འདུམ་འགྲིག་དང་ཐག་གཅོད། མཇུག་འབྲས་ལན་སྤྲོད་སོགས་ཀྱི་ལྷུ་ཚིགས་གཅིག་སྡུད་སྒྲུབ་གཉེར་བྱས་པས“གཅིག་འཐུས་རྣམ་པའི་སྣེ་ལེན་དང་། ལུ་གུ་བརྒྱུད་འབྲེལ་གྱི་ཐག་གཅོད། གཞི་གཅིག་ཅན་གྱི་འདུམ་འགྲིག”བཅས་མངོན་འགྱུར་བྱུང་ཡོད། ད་ལོ་ཚུན་དུ། སྒར་རྫོང་གི་རྫོང་དང་ཤང་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་570ལྷག་ཙམ་འདུམ་འགྲིག་བྱས་པ་དང་། འདུམ་འགྲིག་ཐུབ་ཚད་94.6%ཟིན་པ། རྩོད་གཞི་དང་འབྲེལ་བའི་མ་དངུལ་སྒོར་ཁྲི་5600ལྷག་ཙམ་ཟིན་ཡོད་པ་རེད།
  གྲུ་གཡོར་དམར་པོའི་ས་ཚིགས་ཀྱི་སེམས་དྲོད་ངལ་གསོ་ནས་དྲ་མིག་པས་ཁྱིམ་ཚང་ཁྲི་སྟོང་ལ་སྐྱོད་པའི་གོམ་སྟབས་བརྟན་པོའི་བར་དང་། དེ་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི“སྒོ་གཅིག”ནས་འགན་དབང་ཁ་གསལ་བཟོས་ནས་རྩོད་གཞི་ཐག་གཅོད་གཞུང་དྲང་བྱེད་པའི་བར། སྒར་རྫོང་གིས་དྲོད་ཚད་ལྡན་པ་དང་། ཤུགས་ཚད་ཡོད་པ། གནད་ལ་འཁེལ་བ་བཅས་ཀྱི་བཅོས་སྐྱོང་ལག་ལེན་ལས་མཉམ་བཅོས་ཀྱི་ས་གཞི་གཤིན་པོར་བརྩོན་ཞིབ་ཟབ་མོ་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་ལྷིང་འཇགས་ཀྱི་བདེ་སྐྱིད་ལྡན་པའི་ལེའུ་རྩོམ་བཞིན་ཡོད།