ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་རོགས་ཟླ་རྒྱལ་ཁབ(ས་ཁུལ)140ལྷག་ཙམ་བར་མང་དུ་ཕྱིན་པ།

སྤེལ་དུས 2026-08-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ཞབས་འདེགས་ཞུ་བའི་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས“གཅིག་གྱུར་ལྔ་དང་སྒོ་དབྱེ་གཅིག”གི་གཞི་རྩའི་བླང་བྱ་གཞིར་བཟུང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ནང་མཁོ་རྒྱ་སྐྱེད་དང་འཁོར་རྒྱུག་བདེ་བླག་ཡོང་བར་བྱས་ནས་སྒོ་དབྱེར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་བསྐྲུན་ཆེད་ཚོང་དོན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ལེགས་སྐྱེས་སུ་ཕུལ་ཡོད།
  རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བའི་ཐད། རང་ལྗོངས་ཀྱིས་སྒོ་དབྱེའི་ལས་སྟེགས་ཀྱི་ནུས་པ་ཆེ་རུ་བཏང་ནས་དཔལ་འབྱོར་གསར་སྤེལ་ཁུལ་དང་། མཐའ་མཚམས་མཉམ་ལས་ཁུལ། རྒྱལ་སྒྲོལ་དྲ་ཚོང་གི་ཕྱོགས་བསྡུས་ཚོད་ལྟ་ཁུལ་སོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་རོགས་ཟླ་རྒྱལ་ཁབ(ས་ཁུལ)140ལྷག་ཙམ་བར་མང་དུ་བཏང་བ། སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་15སྒོ་དབྱེ་སླར་གསོ་བྱས་པ། ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་རྒྱུན་དུ་འཁོར་སྐྱོད་ཐུབ་པ་བཅས་མ་ཟད། ནུས་གསར་རླངས་འཁོར་དང་། ལིས་གློག་རྫས། ཉི་ནུས་འོད་ཤུགས་གློག་རྫས་གསུམ་ཕྱིར་གཏོང་དང་སྒོ་ཁྲལ་མེད་པའི་ལས་སྣོན་སོགས་ཐད་ཚད་བརྒལ་བྱུང་ཡོད།
  ལྗོངས་ཕྱི་ནང་གི་ཚོང་དོན་གཞི་གཅིག་ཅན་འཕེལ་རྒྱས་མགྱོགས་སུ་གཏོང་བའི་བྱེད་ཐབས་འགའ་ཞིག་བཏོན་ནས་ལྗོངས་ཕྱི་ནང་གི་ཚོང་དོན་གཞི་གཅིག་ཅན་གྱི་རྣམ་གྲངས་21འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་ལྗོངས་ཕྱི་ནང་གི་ཚོང་དོན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 2025ལོར་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་2021ལོ་ལས་ལྡབ་1.1འཕར་བ་དང་། 2026ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་39.2ཟིན་ཡོད།
  ཚོང་དོན་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད། རང་ལྗོངས་ཀྱིས་རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྱོང་ཤུགས་ཆེན་བྱས་ནས་ས་ཁོངས་ལས་བརྒལ་བའི་གྲང་ཕྲེང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་10བསྐྲུན་པ་དང་། ཤང་དང་གྲོང་རྡལ་རིམ་པའི་ཚོང་དོན་ཞབས་ཞུའི་དྲ་ཚིགས་ཁྱབ་ཚད་94%ཡན་ཟིན་པ། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་སྦྲག་བསྐུར་ཟོག་འགྲུལ་དྲ་རྒྱ་ཁྱབ་ཚད་100%ཟིན་པ། ལྷ་ས་ལྟེ་བར་བྱས་པ་དང་། གྲོང་ཁྱེར་དང་ས་ཁུལ་6ལྷུ་ཚིགས་སུ་བྱས་པ། རྫོང་དང་ཆུས་དང་དེ་བཞིན་ཤང་དང་གྲོང་རྡལ་གཙོ་བོ་74ལ་ཁྱབ་པའི་ཚོང་དོན་འཁོར་རྒྱུག་དྲ་བ་སྤྱིར་ན་བསྐྲུན་ཡོད། “ལྷ་སའི་མཚན་གྲོང”སོགས་ཁྱད་ལྡན་མཚན་ཁྲོམ་ཁྲོམ་གཞུང་30ལྷག་ཙམ་བཏོད་དེ་རྙིང་ཁུངས་མིང་ཅན་དང་། ལྗང་མདོག་བཟའ་བཏུང་ཁེ་ལས། སྤུས་རྟགས་ཚོང་ཁང་ཐོག་མ་བཅས་ཁག་གཅིག་སྐྱེད་སྲིང་བྱས་ཡོད། 2025ལོར་རང་ལྗོངས་ཀྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་བསྡོམས་འབོར་དེ་2021ལོ་ལས་33.1%འཕར་ཡོད། 2026ལོའི་ཟླ་དང་པོ་ནས་དྲུག་པའི་བར། རང་ལྗོངས་ཀྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་474ཟིན་པ་དེ་དུས་མཚུངས་ལས་3.6%འཕར་ཡོད།