ཚེས་24ཉིན་གྱི་སྔ་དྲོར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་སློབ་གྲྭ་ཁག་ཏུ་སྟོན་དུས་ཀྱི་སློབ་འགོ་ཚུགས་ཡོད། དུས་ཡུན་ལོ་གཅིག་ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད། ས་ཡོམ་ཁྲོད་གཏོར་སྐྱོན་ཚབས་ཆེན་ཕོག་ཅིང་སློབ་གྲྭ་ཧྲིལ་པོ་བསྐྱར་སྐྲུན་བྱེད་དགོས་བྱུང་བའི་སློབ་ཆུང་གསུམ་བསྐྱར་བསྐྲུན་ཟིན་ནས་དངོས་སུ་སྤྱོད་འགོ་ཚུགས་ཡོད། སློབ་དུས་གསར་པ་དང་སློབ་གྲྭ་གསར་པར་སློབ་མ་ཚོའི་སློབ་སྦྱོང་དང་འཚོ་བར་འགྱུར་ལྡོག་གང་འདྲ་བྱུང་ཡོད་དམ་ཞེ་ན།
དིང་རི་རྫོང་མཚོ་སྒོ་ཤང་ལྟེ་བའི་སློབ་ཆུང་གི་གསར་དུ་འཛུགས་སྐྲུན་བྱས་པའི་རྩལ་སྦྱོང་ར་བའི་སྟེང་། སློབ་མ་འགའ་ཤས་ཀྱིས་ས་གནས་དེ་གའི་སྲོལ་རྒྱུན་གྱི་ཞབས་བྲོ་དིང་རིའི་ལྷོ་གཞས་འཁྲབ་བཞིན་པ་དང་། འགའ་ཤས་ཀྱིས་མཉམ་དུ་ཐག་མཆོང་དང་སྤོ་ལོ་རྩེད་ནས་སློབ་ར་གསར་པའི་འཚོ་བ་གསར་པར་རོལ་བཞིན་འདུག
དིང་རི་རྫོང་མཚོ་སྒོ་ཤང་ལྟེ་བའི་སློབ་ཆུང་གི་སློབ་མ་བསྟན་འཛིན་ཆོས་ཐར་གྱིས། ང་ཚོའི་སློབ་ཁྲིད་ཐོག་ཁང་གསར་པ་ཤིན་ཏུ་ཡག་པོ་འདུག་ལ། རྩལ་སྦྱོང་ར་བའང་ཧ་ཅང་རྒྱ་ཆེན་པོ་འདུག རྗེས་སུ་ང་རང་གྲོགས་པོ་ཚོ་དང་མཉམ་དུ་རྩལ་སྦྱོང་ར་བར་རྩེད་མོ་རྩེ་བ་དང་སྤོ་ལོ་རྒྱག་པ་སོགས་བྱས་ཆོག ངས་མ་འོངས་པར་མུ་མཐུད་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་། སྦྱོང་བརྡར་མང་ཙམ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
སློབ་ཁྲིད་ཐོག་ཁང་གསར་པ་རྒྱ་ཆེ་ཞིང་དཀར་ཆ་དོད་པོ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། གསར་དུ་བསྐྲུན་པའི་སློབ་ཁྲིད་ཐོག་ཁང་ནང་ནུས་པ་མཐོ་བའི་འབྱར་བག་འགོག་རྐྱེན་སྒྲིག་ཆས་བསྒར་ཡོད་པ་དང་། ཡོམ་འགོག་ཤུགས་ཚད་ཏུའུ་8ཟིན་གྱི་ཡོད། སློབ་མའི་ཟ་ཁང་དང་ཉལ་ཁང་སོགས་ཀྱི་སྒྲིག་ཆས་ཆ་ཚང་ཤིང་སློབ་རའི་ཁོ་ར་ཁོར་ཡུག་ཤིན་ཏུ་མཛེས་པོ་ཡོད་པ་རེད།
དིང་རི་རྫོང་མཚོ་སྒོ་ཤང་ལྟེ་བའི་སློབ་ཆུང་གི་དགེ་རྒན་སྒྲོལ་དཀར་གྱིས། སློབ་ཁང་རྒྱ་ཆེ་ཞིང་དཀར་ཆ་དོད་ལ་སྒྲིག་ཆས་ཆ་ཚང་བ་དང་། ཐོག་ཁང་གི་ཡོམ་འགོག་ཚད་རིམ་མཐོ་པོ་ཡོད། ཕྲུ་གུ་ཚོ་སླར་ཡང་སློབ་གྲྭར་ལོག་པ་མཐོང་དུས་ཧ་ཅང་དགའ་པོ་བྱུང་། ཕྲུ་གུ་ཚོ་སློབ་གྲྭ་གསར་པའི་ནང་བདེ་ཐང་དང་དགའ་སྐྱིད་ལྡན་པའི་ངང་འཚར་ལོངས་ཡོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།
ན་ནིང་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་སྟེ་སློབ་གྲྭ་79ལ་ཚད་རིམ་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད། དེའི་ཁྲོད་གྲམ་སོ་ཤང་ཆ་ཚང་སློབ་ཆུང་དང་མཚོ་སྒོ་ཤང་ལྟེ་བའི་སློབ་ཆུང་། ཆུ་ལྷོ་ཤང་ཆ་ཚང་སློབ་ཆུང་བཅས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པས། ཁྱོན་ཡོངས་ནས་བསྐྱར་སྐྲུན་བྱེད་དགོས་ཀྱི་ཡོད་པ་དང་། དེ་བྱིངས་ཀྱི་སློབ་གྲྭ་76ལ་ཉེན་སེལ་ཉམས་གསོ་དང་ཞིག་གསོ་བརྟན་གཏོང་བྱས་ཡོད་པ་རེད།
དིང་རི་རྫོང་སློབ་གསོ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཚེ་བརྟན་གྱིས། ང་ཚོས་བསྐྱར་སྐྲུན་བྱས་པའི་སློབ་གསོའི་སྒྲིག་བཀོད་དང་སྒྲིག་ཆས་ཁག་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོ་སྣ་མང་སྤེལ་བ། གསར་དུ་བསྐྲུན་པའི་སློབ་གྲྭའི་ཐོག་ཁང་གི་མཁྲེགས་ཆས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཕྲུ་གུ་ཚོ་སློབ་གྲྭ་གསར་པའི་ནང་སློབ་སྦྱོང་ཡག་པོ་དང་དགའ་སྤྲོའི་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག