འདི་ནི་མེ་གསོད་རོགས་སྐྱོབ་མི་སྣས་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་གྱི་གུར་ཕུབ་སའི་ཉེ་འཁོར་དུ་མཚན་མོའི་སྐོར་ཞིབ་བྱེད་བཞིན་པ།
ཟླ་9ཚེས་1ཉིན་གྱི་དགོང་མོར་མྱུར་དུ་བཤངས་པའི་བགྲོད་ལམ་བརྒྱུད་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་བསྐྱོད་རྗེས། ཁོ་མོ་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་འབྱོར་བའི་བུད་མེད་གསར་འགོད་པ་ཐོག་མར་གྱུར། ལམ་བར་དུ་རྡོ་ཧྲུག་ཟགས་པ་དང་། ལམ་ངོས་བྱེ་སས་ཁེངས་ནས་སོབ་སོབ་ཆགས་པ། ས་འདྲུ་འཕྲུལ་འཁོར་གྱིས་འུར་སྒྲ་གྲགས་བཞིན་ལམ་གཤོང་བར་བྲེལ། ངས་གློག་བཞུ་སྤར་ཏེ་གཟབ་གཟབ་བྱས་ནས་བསྐྱོད་ནའང་འདྲེས་བརྡབ་ཤོར་གྲབས་ཐེངས་མང་བྱས་བྱུང་།
མདུན་དུ་སྐྱོད་པའི་ལམ་ནི་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་གུ་དོག་ཏུ་འགྲོ་བཞིན་འདུག Sདབྱིབས་ཀྱི་ལམ་ཞིག་འགྲིམས་པ་དང་ལ་ཆུང་ཆུང་ཞིག་བརྒྱབ་མཐར། བགྲོད་ལམ་མྱུར་གཤོང་བྱེད་ས་མདུན་ཤོས་ཀྱི་ལྗོངས་རིས་རིམ་བཞིན་མིག་ལམ་དུ་འཆར་འོང་བ་སྟེ། ལམ་དུམ་མཐའ་མ་དེ་ལས་མེད་ཅིང་། ཀྲུང་གོ་ཨན་ནེང་གིས་མི་ཚང་མའི་རེ་བ་ཕྲག་ཏུ་འཁུར་ཏེ་སྨི་གཅིག་རེ་བྱས་ནས་འགག་སྒོའི་ཕྱོགས་སུ་སྐྱོད་བཞིན་ཡོད།
མེ་གསོད་རོགས་སྐྱོབ་མི་སྣས་མགོ་འདོགས་གློག་བཞུ་རྩིག་རྨང་དང་ལྕགས་རྩིབས་ཙམ་ལས་ལྷག་མེད་པའི་འགག་སྒོའི་ཕྱོགས་སུ་སྤོར་བཞིན་དུ“འདི་ནི་རྒྱལ་མཚམས་སྒོ་མོ་དང་། ཕར་ཕྱོགས་ནི་རླངས་འཁོར་འཇོག་ས། གཡས་ཕྱོགས་ནི་འགག་སྒོའི་ཉལ་ཁང་སོགས་རེད”ཅེས་བརྗོད་པའི་སྐད་ཆ་ཚིག་ཁ་ཤས་ལས་མེད་ཀྱང་ཚང་མར་སེམས་མི་བདེ་བ་ཞིག་ཡོང་ངེས་རེད།
ཁྱ་རེ་ཁྱོ་རེའི་ངང་རྐང་པ་འདམ་རྫབ་ཁྲོད་ནས་བཏོན་ཏེ་གོམ་པ་རེ་རེ་བཞིན་དཔྱངས་ཐག་ལ་བརྟེན་ནས་ཆུ་གསོག་མཐོ་ལྕོག་སྟེ། གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་དེ་ཙམ་ལས་ལྷག་མེད་པའི་སྐྲུན་དངོས་སྟེང་འཛེགས་སྐབས་མཚན་མོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཟིན་འདུག རྒུད་སྐྱོབ་གུར་ཁ་ཤས་ཀྱི་ནང་དུ་སྤྱི་བདེ་དང་། མེ་གསོད། གནས་སྤོས་ཡུལ་མི་དོ་དམ་སོགས་དཔུང་ཁག་མི་འདྲ་བའི་རོགས་སྐྱོབ་པ་མི་ཉུང་བ་ཞིག་ཐང་ཆད་དེ་མཉམ་དུ་འཚང་ཁ་བརྒྱབ་ནས་ངལ་གསོ་རྒྱག་བཞིན་འདུག
ཟླ་9ཚེས་2ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོ་དང་ཕྱེད་ཀ་ཙམ་ལ། ངས་ཡུན་རིང་གཉིད་མ་ཁུག་པའི་གནས་སྤོས་ཡུལ་མི་དོ་དམ་གྱི་ཉེན་རྟོག་པ་ཞིག་དང་ཁ་བརྡ་གློད་སྐབས། “འདི་གར་ཡོད་པ་ཚང་མ་ནི་ངའི་གཅེན་གཅུང་ཡིན། ངས་ངེས་པར་དུ་ཁོང་ཚོ་ཚང་མ་བསུ་ཐུབ་པ་བྱ་རྒྱུ་ཡིན”ཞེས་སྐད་ཀྱང་འགགས་བཞིན་དུ་བཤད།
དགོང་མོ་ཕྱིར་བཤོལ་གོམ་པ་གང་ཡང་མི་བྱེད་པར་འདི་གར་བརྟན་སྲུང་བྱེད་པ་དང་དཀའ་བ་དུ་མ་སྤྱད་ནས་མདུན་དུ་སྐྱོད་པའི་བྱ་སྤྱོད་ལས་ཚེ་སྲོག་ལ་བཅངས་པའི་རེ་བ་ཡོད་ཚད་མཚོན་པ་རང་ཉིད་ཀྱིས་ཚོར་བྱུང་།