དེ་ནི་ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་གི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
སྤེལ་དུས 2026-11-12
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཉིན་ཤས་གོང་། ཕྱི་འབྲེལ་པུས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སུ་འཚམས་འདྲིར་ཁྲིད་ཅིང་། ཁོང་ཚོ་དབྱིན་ཁྲོན་དང་ཀྲུང་ཝུའེ་སོགས་སུ་བསྐྱོད་དེ་ཉིང་ཞ་ཡི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས། གཞི་རིམ་བཅོས་སྐྱོང་། ལྗང་མདོག་འཕེལ་རྒྱས་བཅས་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་དངོས་སུ་ཚོར་ཐུབ་པ་བྱུང་ཡོད། གཞུང་ཚབ་པ་ཚོས་ཀྲུང་གོའི་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་བྱས་པའི་ལོ་30ཡི་རླབས་ཆེན་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་ཉིང་ཞ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གདེང་འཇོག་ཡག་པོ་བྱས་ནས་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་ཀྱི་མིན་ཉིང་ལག་ལེན་ཁང་དུ་སྐྱོད་སྐབས། པར་རིས་རེ་རེ་ལས་མིན་ཉིང་མཉམ་ལས་ཀྱི་ལོ་30ཡི་རིང“གཞན་བརྟེན”ནས་“རང་བརྟེན”བར་གྱི་འབད་འཐབ་ལོ་རྒྱུས་བཀོད་ཡོད་པ་དང་། མིན་ཉིང་གྲོང་རྡལ་དེ“བྱེ་ཐང”ནས“གསེར་ཐང”དུ་འགྱུར་བའི་བར་གྱི་འགྱུར་ལྡོག་མཚོན་ཡོད། ཀྲུང་གོར་བཅའ་སྡོད་ཀི་ནེ་ཡའི་གཞུང་ཚབ་ཆེ་མོ་བ་ལུང་སའེ་ཉི·ཁུང་ཏའེ་ཡིས་པར་རིས་ལ་ནན་ཏན་ངང་ལྟ་གིན། “ཀྲུང་གོས་མང་ཚོགས་ཁག་གཅིག་བྱེ་ཐང་ནས་ཡུལ་གཞན་དུ་སྤོས་ནས་དབུལ་ཕོངས་གནས་ལས་སྒྲོལ་བར་རོགས་རམ་བྱས་པ་ནི་ཚན་རིག་དང་མཐུན་པའི་འཆར་འགོད་དང་རྒྱུན་མཐུད་མ་འཇོག་བྱས་པ་དང་ཁ་འབྲལ་ཐབས་མེད”ཅེས་བཤད་པ་དང་། ཁུང་ཏའེ་ཡིས་མིང་ཉིང་གྲོང་རྡལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལས་ཀི་ནེ་ཡས་དབུལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པར་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཁོང་གིས“ངས་ཀི་ནེ་ཡའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་དོན་མི་སྣ་དེ་བས་མང་བའི་སྣེ་ཁྲིད་དེ་མིན་ཉིང་གྲོང་རྡལ་དུ་བསྐྱོད་ནས་དེ་གའི་གཏམ་རྒྱུད་ཉན་པ་དང་དེ་གའི་བྱེད་སྟངས་སློབ་སྦྱོང་བྱེད་ཀྱི་ཡིན”ཞེས་བརྗོད།
རྩལ་ནུས་གསོ་སྦྱོང་ནས་ལས་གཏོད་རྒྱབ་སྐྱོར་བར་དང་། ཐོན་སྐྱེད་ལས་སྣོན་ནས་ས་ཁོངས་ཧྲིལ་པོའི་ཕྱིར་ཚོང་བར་ལ། མིང་ཉིང་ཧོ་མེ་དྲ་ཚོང་རོགས་སྐྱོར་འཁོར་ཁང་གིས་ས་གནས་དེ་གའི་མང་ཚོགས་དང་ལྷག་པར་དུ་གཞིས་ལུས་བུད་མེད་ཕྱུག་འགྱུར་འབབ་འཕར་ལ་རམ་འདེགས་བྱས་པའི་གཏམ་རྒྱུད་ལས་ཀྲུང་གོར་བཅའ་སྡོད་ཝུ་ར་ཀུའེ་ཡི་གཞུང་ཚབ་ཆེ་མོ་བ་ཨ་ཉི་ཝར·ཁ་ཕུའུ་ལར་ལ་སེམས་འགུལ་ཆེན་པོ་ཐེབས་པ་རེད། “དེ་གའི་ཐོན་རྫས་ལ་ས་གནས་དེ་རང་དང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་འགྲན་རྩོད་ཀྱི་ནུས་པ་ལྡན་པ་མ་ཟད། ལས་མིའི་གླ་ཕོགས་ཀྱང་ཧ་ཅང་མཐོ་པོ་འདུག ཁ་ཕུའུ་ལར་གྱིས“དེ་ནི་ཀྲུང་གོས་དབུལ་ཕོངས་ཉུང་དུ་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོར་མི་འབོར་དུང་ཕྱུར་8ལྷག་ཙམ་དབུལ་སྒྲོལ་ཐུབ་ནས་དེ་བས་ལེགས་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང་གྲུབ་འབྲས་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད”ཅེས་བརྗོད།
དབྱིན་ཁྲོན་གྲོང་ཁྱེར་ཅིན་ཕུང་ཆུས་ཀྱི་ཁྲང་ཁྲེང་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ་ཀྲུང་གོར་བཅའ་སྡོད་གཞུང་ཚབ་བས་ས་གནས་དེ་གའི་མི་རིགས་ཁག་གི་གྲོང་མི་དང་མཉམ་དུ་གླུ་ལེན་གར་འཁྲབ་དང་མངོན་མིན་རིག་གནས་ཤུལ་བཞག་ཤོག་དྲས་སོགས་ལ་མྱོང་རོལ་བྱས་པ་རེད། “དེ་གར་ངས་མི་རིགས་ཁག་གི་རིག་གནས་ལ་སྲུང་སྐྱོང་ཡག་པོ་བྱུང་བ་དང་མི་ཚང་མའི་འཚོ་བའི་ཆུ་ཚད་ཀྱང་མཐོ་རུ་རྒྱུན་ཆད་མེད་པར་ཕྱིན་པ་མཐོང་བྱུང་། ཀྲུང་གོར་བཅའ་སྡོད་པུར་ཀ་རི་ཡའི་གཞུང་ཚབ་ཆེ་མོ་བ་ཨན་ཏེ་ལེ་དབྱི·ཐེ་ཧོ་ཕུའུ་ཡིས། མི་རིགས་མང་པོའི་སྒར་རེས་རྣམ་པའི་སྡེ་ཁུལ་གྱིས་ཀྲུང་གོའི་མི་རིགས་མི་འདྲ་བ་ཞི་མཐུན་མཉམ་གནས་ཀྱི་མིག་དཔེ་བསྟན་ཡོད། “ཉམས་མྱོང་དེར་ཞིབ་འཇུག་གཏིང་ཟབ་བྱས་ནས་ས་ཁུལ་གཞན་དུ་ཁྱབ་གདལ་དང་བེད་སྤྱོད་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།
ཀྲུང་གོར་བཅའ་སྡོད་ཐུ་ནི་སིའི་གཞུང་ཚབ་ཆེ་མོ་བ་ཨ་ཏི་ལེ·ཨ་ལ་པི་ཡིས“ཀྲུང་གོའི་ས་ཆ་གང་ཞིག་ཏུ་སླེབས་རིམ་བཞིན་ཉམས་ལེན་གསར་པ་དང་ཤེས་རྟོགས་གསར་པ་ཡོང་གི་འདུག” ཁོང་གིས་ཀྲུང་གོར་གླེང་རིན་ཡོད་པ་དང་མཉམ་སྤྱོད་བྱེད་རིན་ཡོད་པའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་དང་ཉམས་མྱོང་མང་པོ་ཡོད་པར་ངོས་འཛིན་བྱེད་ཅིང“ཀྲུང་གོ་དང་མཉམ་དུ་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་འཚོལ་ཞིབ་བྱེད་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།