བདེ་སྐྱིད་ཀྱིས“ངས་མི་དེ་བས་མང་བས་འཚེམ་དྲུབ་ལ་རྒྱུས་མངའ་ལོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ལག་ཤེས་དེར་བརྟེན་ནས་མི་དེ་བས་མང་བར་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པའི་གོ་སྐབས་ཐོབ་རྒྱུའི་རེ་བའང་བྱེད་ཀྱི་ཡོད”ཅེས་བརྗོད་ཀྱིན་ལག་ཏུ་ཚོན་མདོག་སྣ་ཚོགས་ཀྱི་དར་གོས་འཁྱེར་ནས་དྲས་སྦྱར་སོགས་བྱས་པ་བརྒྱུད་མཛེས་སྡུག་ལྡན་པའི་བརྩམས་ཆོས་མང་པོ་གྱུར།

ལྷ་ས་ཚེ་སྨོན་གླིང་མི་རིགས་ལག་ཤེས་རྒྱུན་འཛིན་ལྟེ་གནས་ཀྱི་སློབ་མ།
“00རྗེས”སྐྱེས་པའི་འཚེམ་དྲུབ་རྒྱུན་འཛིན་པ་བདེ་སྐྱིད་ནི་ཆུང་དུས་ནས་འཚེམ་དྲུབ་ལས་ལ་བརྩོན་པའི་བུ་མོ་ཞིག་ཡིན། དང་ཐོག་གི་མིག་འདྲིས་རྣར་འཇགས་ནས་སློབ་ཆེན་སྐབས་ལས་དོན་ཁང་གི་ལས་དོན་ནང་རང་འགུལ་ངང་ཞུགས་པའི་བར། ད་ཆའི་རྩོམ་རྩལ་གསར་གཏོད་ཇུས་འགོད་ཚོད་ལྟ་དང་། ཤེས་ལྡན་པ་གསོ་སྐྱོང་། ལས་ཞུགས་བྱེད་སྟངས་འཚོལ་ཞིབ་བཅས་བྱེད་པའི་བར། ཁོང་གིས་ལོ600ལྷག་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྱི་ལག་རྩལ་དེ་བརྩམས་ཆོས་ཐོག་ནས་མི་དེ་བས་མང་བའི་རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ལྷ་ས་གྲོང་ཁྱེར་དོག་སྡེ་གྲོང་ཚོའི་སྒོ་ར་ཞིག་ཏུ་ཁོང་གི་བསམ་ཚུལ་དེ་མངོན་འགྱུར་བྱུང་ཡོད། དེ་གར་འཚེམ་དྲུབ་ཀྱི་བརྩམས་ཆོས་སྤུས་ལེགས་མང་པོ་ཡོད་པ་མ་ཟད། ལག་རྩལ་སྦྱོང་བ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚོལ་བཞིན་པའི་ན་གཞོན་ཡང་ཡོད།

འཚེམ་དྲུབ་ཀྱི་ཐོན་རྫས།
འཚེམ་དྲུབ་ནི་བོད་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་གྱི་གྲས་ཤིག་ཡིན། ཚོན་མདོག་དང་བཟོ་ལྟ་མི་འདྲ་བའི་དར་གོས་དྲས་ནས་སྦྱར་བ་དང་རིམ་པ་རེ་རེ་བཞིན་བརྩེགས་ནས་འབུར་གཟུགས་ལྡན་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཆགས་ཡོད།
བདེ་སྐྱིད་དང་ལག་རྩལ་དེའི་ལས་དབང་ནི་རང་ཉིད་འཚར་ལོངས་བྱུང་སའི་ཁྱིམ་ཚང་ནས་བྱུང་བ་ཞིག་ཡིན། ཁོང་གི་ཨ་ཕ་ནོར་བུས་དུས་ཡུན་རིང་པོའི་ནང་འཚེམ་དྲུབ་ལག་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། སློབ་ཁྲིད་བཅས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ཆུང་དུས་ལས་ཁང་ནང་གི་ཁབ་སྐུད་དང་། དར་གོས། འཚེམ་དྲུབ་སོགས་ནི་བདེ་སྐྱིད་ལ་རྒྱུས་མངའ་ཆེ་ཤོས་ཡོད་པའི་འཚོ་བའི་རྣམ་པ་ཞིག་ཡིན།
བདེ་སྐྱིད་ཀྱིས“ཆུང་དུས་ནས་ནང་མིས་ལས་ཀ་འདི་བྱེད་ཀྱི་ཡོད་པས་གོམས་འདུག”ཅེས་བཤད།
ཁོང་གིས་སློབ་ཆེན་འགྲིམས་སྐབས་འཚེམ་དྲུབ་དེ་མ་འོངས་པའི་ལས་དོན་ཞིག་ཏུ་བརྩི་རྒྱུའི་སེམས་ཐག་བཅད། ལས་དོན་ཁང་ནང་ཞུགས་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས་ཁོང་གིས་ལག་རྩལ་དེར་ངོས་འཛིན་བྱ་རྒྱུའང་རིམ་བཞིན་རྒྱུས་མངའ་ནས་དགའ་ཞེན་དུ་གྱུར་ཡོད། སློབ་ཆེན་སྐབས་ཁོང་གིས་སྨི་ཙིའི་རིགས་ཀྱི་འཚེམ་དྲུབ་དང་རི་མོ་ཇུས་འགོད་བྱེད་པའི་ཚོད་ལྟ་བྱེད་འགོ་བཙུགས་ནས། ན་གཞོན་ཚོས་རྒྱུས་མངའ་ཆེ་བའི་གཟུགས་བརྙན་བརྒྱུད་མི་དེ་བས་མང་བས་སྲོལ་རྒྱུན་གྱི་ལག་རྩལ་དེ་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
སློབ་ཆེན་མཐར་མ་ཕྱིན་གོང་། ཁོ་མོས་ལུས་སེམས་གཉིས་ཀ་ལས་དོན་ཁང་དེའི་ནང་ཞུགས་རྒྱུའི་སེམས་ཐག་བཅད།
བུ་མོའི་བསམ་ཚུལ་གསར་པ་དེར་ནོར་བུའི་རྒྱབ་སྐྱོར་ཐོབ། ཁོང་གིས་སྲོལ་རྒྱུན་གྱི་ལག་རྩལ་དེ་བརྟན་སྲུང་བྱེད་མཁན་ཡོད་དགོས་ལ་ན་གཞོན་ཚོས་མཚོན་ཐབས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་ཀྱང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། སྲོལ་རྒྱུན་བཟོ་རྩལ་གྱི་སྲོག་ཤིང་དོར་མི་ཉན་ཡང་བརྩམས་ཆོས་ཀྱི་ནང་དོན་དང་། རྣམ་པ། མངོན་སྟངས་བཅས་དེ་བས་ཕུན་སུམ་ཚོགས་སུ་གཏོད་དགོས།
ཨ་ཕའི་རྒྱབ་སྐྱོར་འོག་བདེ་སྐྱིད་ཀྱིས་འཚེམ་དྲུབ་དང་དེང་རབས་མཛེས་དཔྱད་ཟུང་འབྲེལ་བྱ་རྒྱུའི་ཚོད་ལྟ་བྱེད་འགོ་ཚུགས། ཁོང་གིས་ད་དུང་སྔ་རྗེས་སུ་སུའུ་ཀྲོའུ་དང་པེ་ཅིང་སོགས་སུ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་བསྐྱོད་པ་མ་ཟད། སུའུ་ཀྲོའི་འཚེམ་དྲུབ་དང་སྲོལ་རྒྱུན་གྱི་བཟོ་རྩལ་མི་འདྲ་བ་དང་འབྲེལ་གཏུག་བྱས་ཏེ་དེའི་ཁྲོད་ནས་གསར་རྩོམ་གྱི་རིག་པ་གསར་པ་འཚོལ་བཞིན་ཡོད།
ད་ཆ་ལས་དོན་ཁང་གི་བརྩམས་ཆོས་ནི་སྲོལ་རྒྱུན་གྱི་བརྩམས་ཆོས་འབོར་ཆེན་ཙམ་མ་ཡིན་པར་ད་དུང་ཁབ་རྒྱན་དང་། ལག་ཀྲིད། འཁྱགས་སྒམ་སྦྱར་ཆས། མཛེས་རྒྱན་རི་མོ་སོགས་ཀྱི་ཐོན་རྫས་ཀྱང་མང་དུ་ཕྱིན་ཡོད། རྒྱུ་ཆ་དང་། བཟོ་རྩལ། ཇུས་འགོད་གཞི་རྒྱུ་བཅས་མི་འདྲ་བ་ཕན་ཚུན་ཟུང་འབྲེལ་བྱས་པས་འཚེམ་དྲུབ་ཀྱི་མདུན་ལམ་ཆེ་རུ་ཕྱིན་ཡོད།
བདེ་སྐྱིད་ཀྱིས“ཁ་ཤས་ནི་འཚེམ་དྲུབ་རྐྱང་རྐྱང་དང་ཁ་ཤས་ནི་འཚེམ་དྲུབ་དང་སྡེར་འཐེན་སོགས་བཟོ་རྩལ་དང་ཟུང་འབྲེལ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས། ཁོང་གིས་གསར་གཏོད་བྱེད་པ་ནི་སྲོལ་རྒྱུན་གྱི་བཟོ་རྩལ་ལ་འགྱུར་ལྡོག་བཏང་བ་ཞིག་མ་ཡིན་པར། ཇུས་འགོད་མི་འདྲ་བ་བརྒྱུད་མི་དེ་བས་མང་བས་ལག་རྩལ་དེ་དང་ལེན་དང་དེར་དགའ་པོ་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
ལྷ་སའི་ཚེ་སྨོན་གླིང་མི་རིགས་ལག་ཤེས་རྒྱུན་འཛིན་ལྟེ་གནས་སུ་སློབ་མ་ཚོས་ཉིན་ལྟར་ཁབ་སྐུད་དང་གོས་ཆེན་གཉིས་ལ་འབྲེལ་འདྲིས་བྱེད་དགོས་ཡོད། འཚེམ་དྲུབ་ནི་བལྟས་ཚོད་ཀྱིས་ལས་སླ་པོ་ཞིག་ཡིན་རུང་དོན་དངོས་སུ་དེ་བཟོ་སྐབས་ངང་རྒྱུད་རིང་པོ་དགོས། གོས་ཆེན་འབྲེག་པ་དང་རི་མོ་མཐུད་པ་ནས་རིམ་པ་རེ་རེ་བཞིན་རྩེག་པ་དང་ཞིབ་ཅིང་ཕྲ་བའི་བར་ལས་རིམ་ཚང་མར་སྦྱོང་བརྡར་ཡང་ཡང་བྱེད་དགོས།
བདེ་སྐྱིད་ཀྱིས“ཐོག་མར་སློབ་སྦྱོང་བྱེད་སྐབས་ཚོད་བགམ་ཆེ་ཤོས་ནི་ངང་རྒྱུད་རིང་པོ་དགོས་པ་དེ་ཡིན”ཞེས་བཤད།
2006ལོར་ནོར་བུས་ལྷ་སའི་ཚེ་སྨོན་གླིང་མི་རིགས་ལག་ཤེས་རྒྱུན་འཛིན་ལྟེ་གནས་བཙུགས་པ་དང་། ལོ་མང་རིང་ཁོང་གིས་འཚེམ་དྲུབ་ལག་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་ལ་གཞོལ་བ་མ་ཟད། ད་དུང་སློབ་ཡོན་མི་དགོས་པར་སློབ་མ་གསོ་སྐྱོང་བྱས་ཏེ་ཁོང་ཚོར་ཟ་སྡོད་མཁོ་འདོན་བྱས་ནས་མི་དེ་བས་མང་བས་ལག་རྩལ་སྣ་གཅིག་སྦྱོང་བའི་རེ་བ་བྱེད་ཀྱི་ཡོད།
དེ་གར་སློབ་མར་སློབ་རྒྱུས་དང་། ལོ་ཚོད། ཐོབ་ཐང་བཅས་ཀྱི་ཚད་གཞི་ནན་པོ་མེད། ན་གཞོན་དང་། དབང་པོ་སྐྱོན་ཅན། དྭ་ཕྲུག་བཅས་གང་ཞིག་ཡིན་རུང་སློབ་སྦྱོང་བྱེད་འདོད་ཡོད་པ་དང་རྒྱུན་འཁྱོངས་བྱེད་ཐུབ་ཚེ་ཚང་མར་རྨང་གཞི་ནས་ལག་རྩལ་དེ་སྦྱོང་བའི་གོ་སྐབས་ཡོད།
སློབ་སྦྱོང་ལ་གྲུབ་འབྲས་ཐོན་རྗེས། སློབ་མ་རྣམས་ལས་དོན་ཁང་དུ་བསྡད་ནས་མུ་མཐུད་འདི་གར་ལས་ཀ་བྱས་ཆོག་ལ། རང་རྐྱ་འཕེར་ནས་སོ་སོའི་མདུན་ལམ་འཚོལ་བར་ཕྱིན་ནའང་ཆོག ད་ཆ་ལག་རྩལ་པ་མང་པོ་ཞིག་གིས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་ལས་དོན་ཁང་བཙུགས་ཏེ་མངགས་ཐོ་ཁེར་རྐྱང་ངང་ལེན་འགོ་ཚུགས་ཡོད།
སློབ་ཡོན་མི་དགོས་པར་སློབ་སྦྱོང་བྱེད་པ་ནས་རྩལ་ནུས་ཁོང་དུ་ཆུད་པ་དང་། དེ་ནས་རང་ཚུགས་ངང་ལས་ཞུགས་དང་ལས་གཏོད་བྱེད་པའི་བར། རྒྱུན་འཛིན་ལྟེ་གནས་སུ་རིམ་བཞིན་ལག་རྩལ་གསོ་སྦྱོང་བྱེད་པ་ནས་ལས་རིགས་འཕེལ་རྒྱས་གཏོང་བའི་བར་གྱི་ལམ་བུ་ཞིག་ཆགས་ཡོད།
བདེ་སྐྱིད་ཀྱིས་མིག་སྔར་ལས་དོན་ཁང་ལ་སྔར་བཞིན་ཤེས་ལྡན་པ་དགོས་མཁོ་ཆེན་པོ་ཡོད། འཚེམ་དྲུབ་བཟོ་བར་དུས་ཚོད་མང་པོ་དགོས་པ་དང་ལག་རྩལ་བྱང་ཆུབ་པ་གསོ་སྐྱོང་བྱེད་པར་ཡང་དུས་ཚོད་དགོས་ཀྱི་ཡོད། མྱུར་དུ་གཞི་རྒྱ་ཆེ་རུ་གཏོང་བ་དང་བསྡུར་ན་ཁོང་ཚོས་དུས་ཚོད་སྤྱད་དེ་སློབ་མ་གསོ་སྐྱོང་བྱས་ནས་མི་མི་རེ་ངོ་རེར་ལག་རྩལ་དེ་དངོས་གནས་ཁོང་དུ་ཆུད་པ་བྱེད་འདོད་ཡོད།
ཁོང་གིས་ལས་དོན་ཁང་གི་རིན་ཐང་ནི་མངགས་ཐོ་ལེགས་གྲུབ་དང་ཐོན་རྫས་ཕྱིར་ཚོང་བྱེད་པ་ཙམ་མ་ཡིན་པར། དེ་བས་གལ་ཆེ་བ་ཞིག་ནི་ལག་རྩལ་རྒྱུན་མཐུད་དང་ལག་རྩལ་དེ་སློབ་སྦྱོང་བྱེད་མཁན་ལ་འཕེལ་རྒྱས་ཀྱི་གོ་སྐབས་བརྟན་པོ་ཞིག་ཡོང་བ་བྱ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཁོང་གིས་སླད་ཕྱིན་སྤྱི་ཕན་རྣམ་གྲངས་དང་སྡེ་ཁུལ་མཉམ་ལས་སོགས་ཀྱི་བྱ་ཐབས་སྤྱད་དེ། ལས་ཞུགས་ཀྱི་དགོས་མཁོ་ཡོད་པའི་བུད་མེད་སོགས་ཚོགས་སྤྱིར་འཚེམ་འདྲུབ་སློབ་སྦྱོང་དང་དེའི་ནང་ཞུགས་པའི་གོ་སྐབས་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
ཕྱིར་ལས་ཀ་བྱེད་པར་སྐྱོད་མི་ཐུབ་པའི་མི་ཁག་གཅིག་གི་ངོས་ནས་བརྗོད་ན། གལ་སྲིད་ཁྱིམ་དུ་བསྡད་ནས་ལས་ཀ་བྱེད་ཐུབ་ཚེ་ཁྱིམ་ཚང་ཚང་མར་ལྟ་རྟོག་ཐུབ་པ་མ་ཟད། ངལ་རྩོལ་ལ་བརྟེན་ནས་ཡོང་འབབ་ངེས་ཅན་ཞིག་ཀྱང་ཐོབ་ཐུབ། བསམ་བཀོད་དེར་གཞིགས་ན། ལས་དོན་ཁང་གིས་ཇུས་འགོད་དང་། མངགས་ཐོ་གཅིག་འདོམས། སྤུས་ཚད་ཚོད་འཛིན་སོགས་ཀྱི་ལས་ཀའི་འགན་འཁུར་ཆོག་པ་མ་ཟད། བཟོ་སྐྲུན་གྱི་ལས་འགན་འོས་འཚམ་རྣམས་གསོ་སྦྱོང་ནང་ཞུགས་པའི་མི་སྣར་བགོ་བཤའ་བརྒྱབ་སྟེ་མངགས་ཐོ་བརྒྱུད་མི་དེ་བས་མང་བ་དེའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་ཐུབ།

བདེ་སྐྱིད་ཀྱིས་འཚེམ་དྲུབ་བྱེད་བཞིན་པ།
ལས་ཁང་གཅིག་ནས་སློབ་མ་ཁྱུ་གཅིག་བར་དང་། སྲོལ་རྒྱུན་གྱི་བརྩམས་ཆོས་ནས་རིག་གནས་གསར་གཏོད་ཐོན་རྫས་བར། དེ་ནས་འབྱུང་འགྱུར་སྡེ་ཁུལ་དང་ཁྱིམ་ཚང་དུ་ལས་ཞུགས་བྱེད་སྲིད་པའི་བར། འཚེམ་དྲུབ་ལས་ལ་གཞོལ་ནས་འཕེལ་རྒྱས་ཀྱི་བགྲོད་ལམ་དེ་བས་མང་བ་འཚོལ་ཞིབ་བྱེད་བཞིན་ཡོད།
ཁོང་གི་ངོས་ནས་བརྗོད་ན། རྒྱུན་འཛིན་བྱ་རྒྱུ་དེ་ནི་སྲོལ་རྒྱུན་གྱི་བཟོ་རྩལ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག དེ་དང་མིག་སྔའི་འཚོ་བའི་དབར་འབྲེལ་བ་དེ་བས་མང་བ་ཡོང་བ་བྱེད་པ་ཞིག་ཡིན་པ་ལས་སྔར་བཞིན་བསྐྱར་ཟློས་ཁོ་ན་བྱེད་པ་ཞིག་མིན།
ཁབ་སྐུད་རེ་རེ་བཞིན་གྱི་བར་ལ་ལོ་ངོ600ལྷག་གི་སྲོལ་རྒྱུན་ལག་རྩལ་རྒྱུན་མཐུད་བྱས་ཡོད་ལ་ན་གཞོན་ཚོས་འབྱུང་འགྱུར་ལ་འཚོལ་ཞིབ་བྱས་པའང་ཡོད། མི་མང་པོ་ཞིག་ལག་ཤེས་ལ་བརྟེན་ནས་སློབ་སྦྱོང་དང་། ལས་ཞུགས། རང་བརྟེན་འཕེལ་རྒྱས་བཅས་ཀྱི་གོ་སྐབས་ཐོབ་པ་མ་ཟད། འཚེམ་དྲུབ་ཀྱིས་ཐེག་ཐུབ་པའི་དོན་སྙིང་ཡང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད།
རྩོམ་སྒྲིག་པ། རིག་གྲོལ།