བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཡར་ཀླུང་གཙང་འགྲམ་དུ་སྔོ་ཐིང་ཐིང་གི་རྒུན་འབྲུམ་སྡོང་པོ་མང་པོ་སྐྱེས་ཡོད། ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། ཡུན་ནན་ནས་ཟངས་རིར་སླེབས་དུས་མིག་ལམ་དུ་མངོན་པ་ནི་མུ་མཐའ་མི་མངོན་པའི་ཐང་སྟོང་ཤ་སྟག་རེད། “ལོ་མང་གི་རྗེས་སུ་ས་འདི་འཛམ་གླིང་སྟེང་གི་ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་ར་བར་འགྱུར་གྱི་རེད་བསམ་པ་ག་ལ་ཡོང་།”

ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3500ཟིན་པའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི།
2011ལོ་ནས་བཟུང་ཟངས་རི་རྫོང་དུ་རྒུན་འབྲུམ་འདེབས་འཛུགས་བྱེད་འགོ་བཙུགས་པ་དང་། དང་ཐོག་མཐའ་མོ་གྲོང་ཚོར་མུའུ15ཚོད་འདེབས་བྱས་ཤིང་། ས་བབ་མཐོ་བ་དང་། གསོ་རླུང་དཀོན་པ། སྨུག་ཕྱིའི་འོད་ཤུགས་ཆེ་བ་སོགས་ཀྱི་ཆ་རྐྱེན་ཞན་པར་མི་ལྟོས་པར་ས་གནས་དེ་གས་ལུང་ཤུར་དུ་འགྱིག་ཤོག་གཡོག་པའི་འདེབས་འཛུགས་ལག་རྩལ་རིམ་བཞིན་འཚོལ་ཞིབ་བྱས་ནས་མཐོ་སྒང་ལ་འཚམ་པའི་ཤིང་རིགས་སྣ་ཁ་འདེམས་པ་དང་དེ་ཉིད་གཞི་ཁྱོན་ཆེན་པོས་ཁྱབ་གདལ་གཏོང་གི་ཡོད། 2023ལོར་འདེབས་འཛུགས་རྟེན་གཞིར་འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་ལས་ཁུངས་ཀྱིས“འཛམ་གླིང་སྟེང་གི་ས་བབ་མཐོ་ཤོས་ཀྱི་ཝུའེ་ཏེའར་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར”གཏན་འཁེལ་བྱས། 2025ལོའི་བར་རྟེན་གཞིའི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་གཅིག་ཙམ་ཟིན་པ་དང་། ཤིང་འབྲས་ཀྱི་འབྲས་བུ་བཏགས་པའི་རྒྱ་ཁྱོན་མུའུ6300ལས་བརྒལ་བ། རིམ་རྩིས་བྱས་ན་རྒུན་འབྲུམ་ཏུན3000ལྷག་ཙམ་ཐོན་པ། སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.6ཟིན་གྱི་ཡོད།
ཐོན་ལས་སྟོབས་ཆེར་ཕྱིན་པ་དེས་མང་ཚོགས་ལ་འབབ་འཕར་ཡོང་བར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད། “ཀུང་སི་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཁེ་ཕན་གཞི་གཅིག་ཅན་གྱི་ལམ་སྲོལ་ལས་རྟེན་གཞིས་རིམ་རྩིས་བྱས་ན་ལས་མི་མི་ཐེངས་ཁྲི13.96བེད་སྤྱོད་ཀྱིས་མང་ཚོགས་ཀྱི་གླ་ཆ་སྒོར་ཁྲི1834.87སྤྲད་པ་དང་། མི80ལས་ཞུགས་བརྟན་པོ་ཐུབ་པ་བྱས་ནས་མི་རེར་ཟླ་རེར་ཆ་སྙོམས་གླ་ཆ་སྒོར5000ལས་བརྒལ་བ་སྤྲད་དེ། ཉེ་འཁོར་གྱི་གྲོང་ཚོ10ཡི་མང་ཚོགས་ས་གནས་དེ་རང་དུ་གླ་པར་སྐྱོད་ཐུབ་པ་བྱུང་བས་གྲམ་ཐང་དེ་ཉིད་མང་ཚོགས་འབབ་འཕར་ཡོང་སའི་གཏེར་མཛོད་ལྟ་བུར་གྱུར་ཡོད། གཞན་ཡང་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཐད་རྟེན་གཞིར་འདེབས་འཛུགས་དང་། བསྙལ་བཟོ། འགྲེམས་ཚོང་། ལྟ་སྐོར་བཅས་གཞི་གཅིག་ཅན་གྱི་ས་བབ་ཧ་ཅང་མཐོ་བའི་རྒུན་འབྲུམ་གླིང་ཁུལ་དུ་བསྐྲུན་ཟིན་པ་དང་། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་རྒུན་འབྲུམ་ར་བ་ནི་མཛེས་ལྗོངས་ཁུལ་ཞིག་ཡིན་ལ། དེ་ལས་སྐྱེ་ཁམས་སྲུང་ཡོལ་གྱི་ནུས་པའང་འདོན་སྤེལ་ཐུབ་པ་དང་། སྟོན་དུས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ནས་ཉེ་འཁོར་གྱི་བཟའ་བཏུང་དང་ཡུལ་མིའི་སྡོད་ཁང་སོགས་ལ་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཀྱི་ཡོད།

རྒུན་འབྲུམ་ཕུད། ཟངས་རི་རྫོང་གི་རྒུན་འབྲུམ་འདེབས་འཛུགས་ར་བས་ད་དུང་དྲོད་ཁང་ནང་སྔོ་ཚལ་དང་ཤིང་འབྲས་གཞན་དག་བཏབ་པར་ཕན་འབྲས་བཟང་པོ་ཐོན་ཡོད།
ཚོད་ལྟའི་ཞིང་ཁ་མུའུ15ནས་མུའུ་ཁྲི་ཙམ་གྱི་འབྲས་ཤིང་ར་བའི་བར་ནི་ཟངས་རི་རྫོང་གི་ལག་ལེན་དངོས་ལ་བརྟེན་ནས་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། མང་ཚོགས་འབབ་འཕར་བཅས་ལ་ཕན་ཚུན་ལྟ་རྟོག་ཐུབ་པ་བྱུང་ཡོད། ས་གནས་དེ་གས་མུ་མཐུད་རྒུན་འབྲུམ་གྱི་ཐོན་ལས་ལ་བརྟེན་ནས་ཞིང་པར་ཁྲིད་སྟོན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་གསེབ་དར་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
རྩོམ་སྒྲིག་པ། རིག་གྲོལ།