ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ལྷ་ལམ་རིང་མོ་གོམ་གྱིས་འཇལ་བའི་ལེའུ།

—མི་ལོ་ཉི་ཤུའི་མཚར་སྡུག་དང་འཕེལ་འགྱུར་གྱི་ལོ་ཟླ།

སྤེལ་དུས 2026-07-02 ཡོང་ཁུངས། རྩོམ་པ་པོ། བཀྲ་ཤིས་རབ་བརྟན།

རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ་བཀྲ་ཤིས་རབ་བརྟན་གྱིས“ལྷ་ལམ་རིང་མོ་སྐྱིད་ཀྱི་རུ་མར་འཁྲུངས”ཞེས་པའི་མཉམ་འབྲེལ་བཅར་འདྲིའི་མཐོང་ཐོས་མྱོང་གསུམ།

            2026ལོའི་ཟླ་6ཚེས་10ཉིན་མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་བོད་འབྲེལ་ས་ཁུལ་གྱི་སྨྱན་སྦྱོར་ལས་རིགས་ཀྱི་མཉམ་འབྲེལ་བཅར་འདྲིའི་བྱེད་སྒོའི་མགོ་ཚུགས་མཛད་སྒོ་གནའ་མཁར་ཟི་ལིང་ནས་སྤེལ་བ་དང་།  ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་དང་ངེད་རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན་དང་ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དེ་མིན་བོད་ལྗོངས་བརྙན་འཕྲིན་ཁང་དང་ནག་ཆུ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་དང་མཉམ་འབྲེལ་སྒོས་སྤེལ་བ་ཞིག་ཡིན་ལ། ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་ངོ20འཁོར་བའི་རིང་བོད་འབྲེལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ནས་ལོན་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་རྒྱུས་ལོན་བྱས།


            ཉིན་20ཡི་རིང་དུ། མཉམ་འབྲེལ་བཅར་འདྲིའི་ཚོ་ཆུང་གིས་མཚོ་སྔོན་དང་བོད་ལྗོངས་ལྟེ་བ་བྱས་པའི་བོད་འབྲེལ་ས་ཁུལ་ཆེན་པོ་གཉིས་ལ་དམིགས་ནས་ཟི་ལིང་། → གཏེར་ལེན་ཁ། → ན་གོར་མོ། → ཨ་ཆེན་གངས་རྒྱབ། → ནག་ཆུ→ལྷ་ས་→གཞིས་ཀ་རྩེ → ལྷ་ས་བཅས་ཀྱི་ལམ་ཐིག་ལྟར་སྤྱི་ལེ3000བརྒལ་བའི་ལམ་གྱི་ལེའུ་གོམ་པས་འཇལ་ལ། མཚོ་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་མཚར་སྡུག་གི་ལོ་ཟླ་དང་འཕེལ་འགྱུར་གྱི་བརྒྱུད་རིམ་བརྙན་མིག་དང་སྨྱུག་རྩེ། གསར་འགོད་པའི་སྐད་ཆའི་བར་གསེང་ནས་ལྷུག་པར་བརྗོད།

            མཉམ་འབྲེལ་བཅར་འདྲིའི་ཚོ་ཆུང་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཤིང་མཚོ་བོད་ལྕགས་ལམ་བརྒྱུད་ནས་ནུབ་ནས་ནུབ་ཏུ་བསྐྱོད། དེ་ནི་གསར་འགོད་པ་དག་གིས་དཀའ་བ་ཁྱད་དུ་བསད་ནས་ལས་འགན་ཕྲག་ཏུ་བླངས་བའི་མཛེས་སྡུག་གི་འགྲུལ་བཞུད་ཐེངས་གཅིག་ཡིན།


            མཚོ་བོད་ལྕགས་ལམ་འགྲམ་གྱི་མཚོ་སྔོན་པོའི་གཡས་གཡོན་དུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བས་ང་ཚོ་ལ་ཉིན་ལྟར་བརླན་སར་སྐོར་གཡེང་དང་ཆུ་གནས་ལྟ་ཞིབ་ཚད་ལེན་བྱས་པས། མི་ལོ་20ཡི་རིང་དུ་མཚོ་སྔོན་པོའི་ཁ་ཞེང་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་རིགས་སྣ་དཀོན་པའི་རི་དྭགས་དང་སྐྱེ་དངོས་རིགས་ཀྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པའི་འཕྲིན་བཟང་གླེང་།

            གཏེར་ལེན་ཁ་རུ་མེ་འཁོར་གྱི་དུང་སྒྲ་རི་ལུང་ཐང་གསུམ་དུ་གྲགས་ལ། ལོ་ངོ་ཉི་ཤུའི་སྔ་རོལ་དུ་མཚོ་བོད་ལྕགས་ལམ་གྱིས་གཏེར་ལེན་ཁ་གྲོང་ཁྱེར་རྒྱལ་ཡོངས་ཀྱི་ལྕགས་ལམ་དྲ་བའི་ནང་བཅུགས་པས། མི་ལོ་ཉི་ཤུའི་རྗེས་སུ་ངར་ལྕགས་ཀྱིས་གྲུབ་པའི་འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ་དེས་ཟོག་འདྲེན་དང་འགྲུལ་སྐྱེལ་གཉིས་ཀྱིས་ཚྭ་འདམ་གཤོང་སའི་དཔལ་འབྱོར་འཕེལ་རྒྱས་ལ་དུས་རབས་གསར་བའི་སྒུལ་ནུས་བསྩལ།


            ན་གོར་མོ་ནས་སྤྱི་ལེ400ལྷག་གི་ཕ་རོལ་ན་རི་ཚོགས་ཀྱི་རྔམ་ཁ་མཐོ་བའི་གདང་ལའི་རི་རྒྱུད་ནས་གནས་སྤོ་བྱས་པའི་འབྲི་ཆུའི་མགོ་ཁུངས་གྲོང་སྡེར་བསྐྱོད་པ་ན། གྲལ་དག་ཅིང་མིག་ལ་མཛེས་པའི་མགོ་ཁང་རེ་རེ་ཕྲེང་སྟར་བསྒྲིགས་ནས་ཡོད་ལ། གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གྲོང་སྡེ་འདིས་གཞན་དྲིང་མི་འཇོག་པའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་ལོ་རེར་སྒོར་ཁྲི་200ལས་བརྒལ་ཡོད།


            ཨ་ཆེན་གངས་རྒྱབ་ནི་ས་བཙན་ས་ཡུལ་གཉན་ས་ཞིག་ཏུ་ཆགས་འདུག་ལ།ཁོད་ཡངས་བའི་གནམ་མཐའི་ཁུག་སོ་འདི་ཡི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4600ལས་བརྒལ་འདུག སྔོན་གཤེགས་དཔའ་བོ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་དྲན་གསོའི་རྡོ་རིང་གྲོང་ངེར་འགྱིང་བའི་མདུན་དུ། ངས་ཀྱང“མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་མཆོད་པ”ཞེས་པའི་དཔེ་ལྟར་སྙན་ངག་དུམ་བུ་ཞིག་གིས་ཁོང་ལ་རྗེས་དྲན་བྱས་པ་འདི་ལྟར་ཏེ།

རྒྱས་བཟང་བསོད་ནམས་དར་རྒྱས་རྗེས་སུ་དྲན་པ།

                    ——ཨ་ཆེན་གངས་རྒྱབ་ཀྱི་ལེའུ།

            ཁོད་ཡངས་བའི་གནམ་མཐའི་ཁུག་སོ་ནས

            བྱེ་རྡུལ་དག་སྤྲིན་པ་དང་སྨིག་རྒྱུ་ལ་འདྲེས་རྗེས

            དུས་ཚོད་དང་ལོ་ཟླ་ལ་གྲང་རླུང་གི་ཁྲོད་ནས་ཆག་རོམ་ཤོར་འདུག

            དེ་ནི་ཁ་བ་བུ་ཡུག་རྒོད་པའི་གོ་བཞི་ལོའི་དགུན་ཟླ་དང་པོ་རེད

            ཉག་ཕྲ་བའི་རི་དྭགས་དེ་ཚོའི་ཚེ་སྲོག་གི་མར་མེ་རླུང་གིས་སྒུལ་དུས

            གནས་འདིའི་གངས་རི་བཞིན་སྒམ་བརླིང་ལྡན་པའི་ཁམས་པའི་ཕོ་རྒོད་ཞིག་གི

            སྙིང་དུ་སྡུག་པའི་རྣམ་ཤེས་ཀྱི་འོད་ཟེར་གཙོད་ཁྱུའི་རྭ་བར་ནས་ཉི་ཟླ་བཞིན་ཚེས

            རླབས་ཆེ་བའི་ཚེ་སྲོག་གི་མཆོད་སྦྱིན་ཆེན་མོ་དེ

            ཨ་ཆེན་གངས་རྒྱབ་མ་གཏོགས་སུ་ལའང་མི་དབང

            ཁྱེད་རང་འདི་ལྟར་མཛེས་སྡུག་གིས་ལམ་ལ་ཆས་པས

            ཨ་ཆེན་གངས་རྒྱབ་ཀྱི་ནམ་མཁའ་དང་སྤང་ཐང་དུ་ཁྱེད་ཀྱི་རྐང་རྗེས་ཧ་ཅང་གསལ


            ས་མ་འདྲིས་བྱང་ཐང་སྐྱ་མོ། འདྲིས་སོང་ན་རང་གི་ཕ་ཡུལ། བྱང་ཐང་ནག་ཆུའི་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨིད4500ལས་བརྒལ་ཡོད་ལ། མཚོ་བོད་ལྕགས་ལམ་ཡུལ་འདིའི་འབྲོག་ཁུལ་མང་ཆེ་བར་ཤར་གཏོང་བྱས་ཡོད་པས། འདས་ཟིན་པའི་ལོ་ངོ20ཡི་ནང་དུ་དངོས་ཟོག་གང་མང་ཞིག་ལྕགས་ལམ་བརྒྱུད་ནས་རྩྭ་ཐང་དང་འབྲོག་ཁུལ་དུ་བསྐྱལ་བ་དང་། ས་གནས་དེ་གའི་དབྱར་རྩྭ་དགུན་འབུ་དང་ནོར་གནག་གི་ཤ་རྩིད་སོགས་ཁྱད་ལྡན་ཐོན་རྫས་ཀྱང་མེ་འཁོར་བརྒྱུད་ནས་ཕྱིར་འདོན་བྱེད་བཞིན་ཡོད་ལ། དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ལ་ལྕགས་ལམ་རྒྱུད་དུ་སྐྱེ་ཁམས་བར་ཁྱམས་བསྐྲུན་ནས་བྱང་ཐང་གི་རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཀྱིན་ཡོད་པས། རི་དྭགས་གཙོད་སོགས་སྔོན་ཆད་ཀྱི་ཁྲི་5ལྷག་ཙམ་ནས་ད་ལྟའི་ཆར་ཁྲི་20ལྷག་གི་འཕེལ་གྲངས་མངོན་ཡོད།


            གཞིས་ཀ་རྩེའི་གྲོང་ཁྱེར་གྱི་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་བོད་རིགས་དང་རྒྱ་རིགས། ཧུའེ་རིགས་དང་སོག་རིགས་སོགས་མི་རིགས་13ཁྱིམ་ཚང་གཅིག་ལྟར་ཞི་མཐུན་མཉམ་གནས་ཀྱིས་འཚོ་བ་རོལ་བཞིན་ཡོད་ལ། མི་ལོ་37རིང་གི་ལག་ལེན་ལས་ང་ཚོ་ལ་མི་རིགས་མཐུན་སྒྲིལ་ནི་ཁ་གཡང་འབོད་པ་ཙམ་མ་ཡིན་པར་མཚོ་ནང་ཉ་མོ་རང་འགྲིག་དང་མཚོ་ཁའི་ངང་བ་ཆ་འགྲིག་ལྟར་བབ་ཕེབས་དང་ཕན་ཚུན་ལ་གློ་བ་ཉེ་བའི་ངང་དགའ་བདེའི་དཔལ་ལ་རོལ་བ་བསྟན།


            ལྷ་ས་ནས་ང་ཚོས་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་འཕེལ་རྒྱས་དང་མི་ལོ་ཉི་ཤུའི་རིང་གི་མགྲོན་པོ་དག་གི་རྐང་རྗེས་འཚོལ་བཞིན་བར་སྐོར་གླིང་གི་ལོ་ཟླ་ལ་ལྷོད་ཀྱིས་ཉན། དེའང་ལྷ་སའི་མེ་འཁོར་འབབ་ཚུགས་དེ2006ལོར་དངོས་སུ་ཤར་གཏོང་བྱས་པ་དང་བསྟུན་ནས་ད་ལྟའི་བར་དུ་རིམ་རྩིས་ལྟར་ན་ཡུལ་སྐོར་བ་མི་ཐེངས་ཁྲི་6362.26ལྷག་ཙམ་སྐྱེལ་བསུ་བྱས་པ་དང་། གླུ་ཚིག་ཅིག་གི་ནང་དུ་བྲིས་པའི“མེ་འཁོར་ལ་བསྡད་ནས་ལྷ་སར་འགྲོ”ཞེས་པའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། གཞན་ཡང་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ལྷ་སའི་བར་སྐོར་གླིང་དུ་མིང་ལ་ཐུབ་བསྟན་བསྟན་འཛིན་དུ་འབོད་པའི་ཆེས་སྤྱིར་བཏང་གི་སྐྱེས་པ་ཞིག་གིས་མི་ལོ་27གྱི་རིང་ལ་བྱ་བ་སྣ་གཅིག་གི་མགོ་རྔ་ལ་འཇུས་ནས་ལོ་དང་ཟླ་བ་རྒྱང་དུ་བསྐྱལ་ཡོད་དེ། ཁོང་གིས་ཆུང་བྱིས་པའི་དུས་ནས་ལོ་རྒན་པའི་བར་དུ་ཐང་ག་འབྲི་བའི་ལས་ལ་གཞོལ་ཞིང་། ལོ་ངོ་སྟོང་ཕྲག་ལྷག་གི་སྔ་རོལ་ནས་བརྒྱུད་ཡོང་བའི་ཐང་གའི་བྲིས་ཀྱི་ཆུ་རྒྱུན་རིང་མོར་དལ་གྱིས་འཇུག་བཞིན། བར་སྐོར་གླིང་གི་དངོས་མིན་རིག་གནས་ལ་ཁ་དོག་གཞན་ཞིག་བསྩལ་ཡོད།


            ང་ཚོས་རི་རབ་དང་གཙང་བོ་བརྒལ་དེ། ཉིན་20ཡི་རིང་དུ་བཅར་འདྲིའི་ས་ཚུགས་22ལ་སོང་ཞིང་། མཚོ་སྔོན་པོའི་འགྲམ་ངོགས་ནས་ཁོད་ཡངས་བའི་བྱང་ཐང་ནག་ཆུའི་བར་དང་། མི་མེད་ལུང་སྟོང་གི་ཨ་ཆེན་གངས་རྒྱབ་ནས་ཉི་མ་ལྷ་སའི་བར་སྐོར་གྱི་ཁྲོམ་གཞུང་བར་དུ་མཛེས་སྡུག་ལྡན་པའི་འཕེལ་འགྱུར་རེ་རེ་བརྙན་མིག་ཏུ་བཀོད་ལ། ལོ་དང་ཟླ་བའི་བར་གསེང་དུ་ལུས་པའི་གཏམ་རྒྱུད་རེ་རེ་སོར་སྨྱུག་བདེ་མོའི་འཁྱུག་ལ་བཅུག

            ཟླ་6པའི་ཚེས་30ཉིན། ཉི་མ་ལྷ་ས་ནས་ཐེངས་འདིའི་མཉམ་འབྲེལ་བཅར་འདྲིའི་བྱེད་སྒོ་དངོས་སུ་མཇུག་བསྒྲིལ་ནའང་། ང་ཚོ་གསར་འགོད་པ་རེ་རེའི་ཕྲག་ཏུ་བབས་པའི་དུས་རབས་ཀྱི་འོས་འགན་ལ་རྫོགས་པ་མེད་ལ། མཚོ་བོད་ལྕགས་ལམ་རྒྱུད་ཀྱི་མཚར་སྡུག་གི་ལོ་ཟླ་དང་འཕེལ་འགྱུར་གྱི་གཏམ་རྒྱུད་ལ་དེ་ལས་ཀྱང་ཟད་མཐའ་བྲལ་བས། སང་ལོའི་ལོ་དང་ཟླ་ལ་ང་ཚོ་སླར་ཡང་ལམ་ལ་ཆས་ཤོག།

      ཅེས་རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ་ཆུང་ཆུང་བཀྲ་ཤིས་རབ་བརྟན་གྱིས་སྤྱི་ལོ་2026ལོའི་ཟླ་6པའི་ཚེས་30ཉིན་སྤོས་ལྡན་གྲོང་ནས་ཕྱིར་དྲན་གྱིས་ཚུལ་དུ་སྦྱར་རོ།།