2026ལོའི་ཟླ11པའི་ཚེས6ཉིན་གྱི་སྔ་དྲོར། སྲིད་གྲོས་ལི་ཐང་རྫོང་ཨུ་ཡོན་ལྷན་ཁང་དང་ལི་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ། ལི་ཐང་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ལི་ཐང་རྫོང་དཔེ་མཛོད་ཁང་། ལི་ཐང་རྫོང་རྩོམ་པ་པོ་མཐུན་ཚོགས་བཅས་ཀྱིས་ལི་ཐང་རྫོང་གི་རྩོམ་རིག་ལོ་དེབ《ལི་ཆུ་སྔོན་མོ》སྤྱིའི་འདོན་ཐེངས་གཉིས་པའི་འགྲེམས་སྤེལ་མཛད་སྒོ་དེ་ལི་ཐང་རྫོང་ཐོག་ཏུ་བསྡུས། དེ་ཡང་ཚོགས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད་དང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་གཙོ་བྱས་པའི་ཚོགས་ཞུགས་མི་སྣ་བཞི་བཅུ་ལྷག་འཛོམས་ཡོད།
ཐོག་མར་ཚོགས་ཞུགས་མི་སྣ་ཚང་མས་མཉམ་དུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཁང་དང་རྩོམ་པ་པོ་གྲགས་ཅན། མི་སྣ་གྲགས་ཅན་ཚོས་བསྐུར་གནང་བའི་ཤིས་ཚིག་གི་བརྙན་ཐུང་ལ་བལྟས།
ཚོགས་འདུ་དངོས་སུ་མགོ་བརྩམས་པ་ན། ལས་རིམ་དང་པོར་ལི་ཐང་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུ་ཀྲུའུ་ཞི་གཞོན་པ་བཅོ་ལྔ་ལགས་ཀྱིས་རྩོམ་རིག་ལོ་དེབ《ལི་ཆུ་སྔོན་མོ》ཡི་ངོ་སྤྲོད་དང་ལོ་དེབ་འདི་གཉེར་བའི་དགོས་པ་སོགས་ཀྱི་ཐད་ནས་གསུང་བཤད་གནང་།
ལས་རིམ་གཉིས་པར་ལི་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚེ་རིང་གཡུ་དགའ་ལགས་ཀྱིས་འགྲེམས་སྤེལ་མཛད་སྒོར་ཤིས་ཚིག་གནང་བ་དང་སྦྲགས་ཏེ་རྩོམ་རིག་ལོ་དེབ《ལི་ཆུ་སྔོན་མོ》གཉེར་སྟངས་སོགས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང་།
ལས་རིམ་གསུམ་པར་ལི་ཐང་རྫོང་གྲོང་རྡལ་ཆ་ཚང་སློབ་ཆུང་བཞི་པའི་དགེ་རྒན་དང་ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་དབྱིངས་རྒྱ་མཚོ་དང་། ནན་ཁེ་སློབ་ཆེན་གྱི་འབུམ་རམས་པ་དང་ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་སྐལ་བཟང་ཚེ་རིང་། ལི་ཐང་རྫོང་སྲིད་གྲོས་གྲོས་གཞི་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་དང་ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་བློ་བཟང་ཚུལ་ཁྲིམས་གསུམ་གྱིས་རིམ་པ་བཞིན་སོ་སོའི་གསར་རྩོམ་གྱི་མྱོང་བ་གླེང་།
ལས་རིམ་བཞི་པར་ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཨ་བསོད་དང་ལི་ཐང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་དོན་མི་སྣ་ཚེ་དབང་ཆོས་སྒྲོན། ལི་ཐང་རྫོང་གྲོང་རྡལ་ཆ་ཚང་སློབ་ཆུང་གཉིས་པའི་སློབ་མ་ཨོ་རྒྱན་ལྷ་མོ་དང་། ལི་ཐང་རྫོང་གྲོང་རྡལ་ཆ་ཚང་སློབ་ཆུང་གཉིས་པའི་དགེ་རྒན། ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཀུན་ཁོ་བཅས་ཀྱིས་རིམ་པ་བཞིན་ཏུ《ལི་ཆུ་སྔོན་མོ》འདོན་ཐེངས་གཉིས་པའི་སྟེང་གི་བརྩམས་ཆོས་ཡག་ཤོས་འགའ་གྱེར་འདོན་གནང་།
ལས་རིམ་ལྔ་པར་ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་དབྱིངས་རྒྱ་མཚོས་ལི་ཐང་རྫོང་དཔེ་མཛོད་ཁང་དང་ལི་ཐང་རྫོང་སྲིད་གྲོས་དཔེ་ཁང་གཉིས་ལ་དཔེ་ཕུད་ཕུལ།
ལས་རིམ་དྲུག་པར་ཚོགས་ཞུགས་དབུ་ཁྲིད་རྣམས་དང་རྩོམ་པ་པོ་སྐོར་ཞིག་གིས་མཉམ་དུ་ལི་ཐང་རྫོང་གི་རྩོམ་རིག་ལོ་དེབ《ལི་ཆུ་སྔོན་མོ》སྤྱིའི་འདོན་ཐེངས་གཉིས་པའི་ཞལ་ཁ་ཕྱེས་ཤིང་དྲན་རྟེན་མཉམ་པར་བསྒྲོན།
རྩོམ་རིག་ལོ་དེབ《ལི་ཆུ་སྔོན་མོ》ནི་ལི་ཐང་རྫོང་ཨུ་དྲིལ་བསྒྲངས་པུའུ་ཡིས་གཙོ་གཉེར་དང་། ལི་ཐང་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ། ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲིག་བྱས་པ་ཞིག་ཡིན་ལ། རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔར་མ་ཡོད་ཅིང་། ལི་ཐང་རྫོང་གཙོ་བྱས་པའི་རྒྱལ་ཡོངས་ལ་ཁ་གཏད་ནས་བརྩམས་ཆོས་བསྡུས་ཏེ་སྒྲིག་བཞིན་ཡོད།