མི་ཚེའི་ནང་མ་བགྲོས་རང་འཕྲད་མང་པོ་ཡོད་ཅིང་། ཁ་ཤས་ནི་དགའ་ཚོར་སྐྱེས་འོས་པ་ཞིག་དང་། ཁ་ཤས་ནི་མྱོང་ཚོར་ཟབ་མོ་སྐྱེས་འོས་པ་ཞིག་ཡིན་ལ། ཁ་ཤས་ནི་དུས་ཚོད་ཀྱིས་ཆེད་དུ་ཁྱོད་ལ་བཀོད་སྒྲིག་བྱས་པའི་བསྐྱར་འཛོམས་ཞིག་ཡིན།
ང་རང་ཡང་སང་ལོ་ལོ་བརྒྱད་ཅུར་སླེབས་ཀྱི་ཡོད། རྩིས་ཤིག་བརྒྱབ་ན་བོད་རིག་པ་དང་མིའི་རིགས་རིག་པར་ཞིབ་འཇུག་བྱས་ནས་ལོ་བཞི་བཅུ་ཏག་ཏག་ཕྱིན་པ་དང་ལས་འཁྱུར་ངལ་གསོ་ཞུས་ནས་ལོ་བཅོ་ལྔ་ཕྱིན་འདུག ད་ཆ་ངའི་འཚོ་བ་སྔོན་ཆད་ལྟར་བྲེལ་འཚུབ་མེད་པར་རིམ་བཞིན་ལྷིང་འཇགས་སུ་གནས། འོན་ཀྱང་ཉིན་ཞིག་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གདན་ཞུའི་ཡི་གེ་ཞིག་གློ་བུར་དུ་འབྱོར་བྱུང་།
ཡིག་ཁུག་ཐོག་གི“SOUTHWEST MINZU UNIVERSITY”ཞེས་པའི་ཡི་གེ་དེ་དག་ནི་ངས་རྒྱུས་མངའ་ཧ་ཅང་ཆེ་བས་བདེ་སྐྱིད་ཚོར་སེམས་ཆེན་པོ་ཞིག་སྐྱེས་བྱུང་། དེ་ནི་ངའི་མ་ཡུམ་སློབ་གྲྭ་ཡིན་ལ། ངའི་ལང་ཚོ་དར་ལ་བབས་ས་དང་། ངའི་རིག་གཞུང་སྣ་ཚོགས་ཀྱི་ཐོག་མའི་འབྱུང་གནས་ཤིག་ཡིན། གདན་ཞུའི་ཡི་གེ་ནང་དོན་གཟབ་ནན་ཆེ་ལ་ལྷག་བསམ་གྱིས་ཕྱུག་པ་ཞིག་ཡོད་པ་སྟེ། སློབ་གླིང་གིས2026ལོའི་ཟླ11པའི་ཚེས10ཉིན་གྱི་ཕྱི་དྲོའི་ཆུ་ཚོད14དང་སྐར་མ30ཡི་ཐོག“གཅིག་རྒྱུན་གཅིག་འཛིན། འབྱུང་འགྱུར་སྣེ་ཁྲིད”ཅེས་པའི་ཕུལ་བྱུང་སློབ་གྲོགས་ཀྱི་ཆེད་ལས་སློབ་དཔོན་གདན་ཞུའི་མཛད་སྒོ་དང་བཞུགས་མོལ་སྤེལ་རེས་ཚོགས་འདུ་འཚོག་རྒྱུ་ཡིན་པས། ཁྱེད་ཉིད་སློབ་གྲྭར་ལོག་ནས2026ལོའི་མི་རིགས་སློབ་གྲྭའི་སློབ་ཕྱིའི་ཆེད་ལས་སློབ་དཔོན་ལ་གདན་ཞུ་བྱ་རྒྱུ་མ་ཟད། སློབ་མར་ཕྱོགས་ནས“རི་ཐང་གང་སར་བརྟག་ཞིབ་གཏིང་ཟབ་བྱེད། ལས་རིགས་རྣམ་གསར་གཏོད་པར་མཐུན་རྐྱེན་སྦྱོར”ཞེས་པའི་ཉམས་མྱོང་མཛུབ་ཁྲིད་ཀྱི་འཆད་ཁྲིད་གནང་རོགས་ཞེས་བྲིས་འདུག

“གཅིག་རྒྱུན་གཅིག་འཛིན། འབྱུང་འགྱུར་སྣེ་ཁྲིད”ཅེས་པའི་ཕུལ་བྱུང་སློབ་གྲོགས་ཀྱི་ཆེད་ལས་སློབ་དཔོན་གདན་ཞུའི་མཛད་སྒོ་དང་བཞུགས་མོལ་སྤེལ་རེས་ཚོགས་འདུའི་ཐོག་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
གདན་ཞུའི་ཡི་གེ་དེ་བཀླགས་རྗེས་ང་ཁ་རོག་གེར་ཡུན་རིང་ལ་བསྡད་པ་ཡིན།
སྐབས་དེར་ང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། ནད་ཁང་དཀར་པོ་དང་། གདན་དཀར་པོ། གསོ་རླུང་བླུགས་པའི་སྒྲ་སོགས་ལས་འཚོ་བ་ཇེ་དལ་དང་ཇེ་རིང་དུ་སོང་ཞིང་། སྨན་པས་ཕྱིར་མི་འགྲོ་བར་ངལ་གསོ་ཡག་པོ་རྒྱག་དགོས་པའི་མངགས་བྱ་ཡང་ཡང་བྱེད་ཀྱི་ཡོད་ལ། ནང་མིས་ཀྱང་ངར་ངལ་དུབ་ཆེན་པོ་མ་བྱེད་ཅེས་ཁ་ཏ་ཡང་ཡང་བྱེད་ཀྱི་ཡོད། འོན་ཀྱང་གདན་ཞུའི་ཡི་གེ་དེ་མཐོང་རྗེས་ངའི་སེམས་སུ་བསམ་ཚུལ་གཅིག་ལས་མེད་པ་སྟེ། མ་ཡུམ་སློབ་གྲྭས་ང་གདན་ཞུ་བྱས་པ་ཡིན་པས་ང་མ་ཕྱིན་ན་ག་ལ་འགྲིག་སྙམ་པ་དེ་རེད།
དེས་ན་ངས་མྱུར་དུ་སྨན་ཁང་ནས་དགོངས་པ་ཞུས་ཏེ་མ་ཡུམ་སློབ་གྲྭར་ལོག་པའི་ལམ་ལ་ཆས།
དེ་ཉིན། ཝུའུ་ཧོའུ་སློབ་ཁུལ་གྱི་ལྷགས་པ་ནི་སྔར་བཞིན་སྔོན་ཆད་ཀྱི་ལྷགས་པ་དེ་རང་རེད་ལ། སྲིད་འཛིན་ཐོག་ཁང309ཡི་སྒོ་བྱང་ཡང་སྔོན་ཆད་ལྟར་བབ་ཆགས་པ་ཞིག་འདུག ཚོགས་རར་འཛུལ་སྐབས། ལངས་ཐེངས་གོང་མ་དེ་ནས་ད་བར་ལོ་མང་པོ་འདས་ཟིན་པའི་སྣང་བ་ཞིག་གློ་བུར་དུ་སྐྱེས་བྱུང་། གོ་རིམ་དང་པོ་ནི་གདན་བསྐོའི་མཛད་སྒོ་ཡིན་ཞིང་། སློབ་གླིང་གིས“སློབ་ཕྱིའི་སློབ་དཔོན”གྱི་གདན་ཞུའི་ཡི་གེ་ངའི་ལག་ཏུ་སྤྲོད་སྐབས་ངས་མ་བླངས་ན་ག་ལ་འགྲིག དེ་ནི་མིང་སྟོང་ཙམ་ཞིག་མིན་པར། མི་ཚེ་ཧྲིལ་པོར་བསགས་པའི་ཤེས་ཡོན་དང་། མཐོང་རྒྱ། ཉམས་མྱོང་བཅས་དང་། ཐ་ན་འགྲོ་མྱོང་བའི་ལམ་ཀྱོག་དང་མྱངས་པའི་སྡུག་བསྔལ་ཚང་མ་སྒྲོན་མེ་ལྟ་བུར་བསྒྱུར་ནས་ཕྱི་རབས་པ་ཚོའི་མདུན་ལམ་ལ་འོད་སྣང་སྦྱིན་རྒྱུ་ཡིན་པས་མངགས་བཅོལ་ལྗིད་ཐིག་ཐིག་ཅིག་རང་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ངས་ཁྲིད་དེབ་མེད་པར་སེམས་གཏིང་གི་སྐད་ཆ་དག་ལྷུག་པོར་བརྗོད་པ་ཡིན། དེ་གར་ངའི་སྔོན་ཆད་ཀྱི་ལས་རོགས་དང་། ན་གཞོན་མང་པོ་ཡོད་ལ། ད་དུང་ངའི་སློབ་མའང་ཡོད། སྐད་ཆའི་ཕྱེད་ཀ་ཕྱིར་དྲན་དང་ཕྱེད་ཀ་མངགས་བྱ་ཡིན་ཞིང་། ངས་ཡོན་ཏན་སྦྱོང་བ་ནི་མཐར་གཏུགས་ནས་བཤད་ན་མི་ཡག་པོ་ཞིག་ཇི་ལྟར་བྱེད་དགོས་ལུགས་སྦྱོང་བ་ཞིག་ཡིན། གཞི་རིམ་དུ་ག་ཚོད་གཏིང་ཟབ་བསྐྱོད་ཚེ་གཞི་ནས་མང་ཚོགས་ལ་བསམ་བློ་གཏོང་སྲིད་ལ། དེབ་ཁང་དུ་ག་ཚོད་མང་བ་བསྡད་ཚེ་གཞི་ནས་རྩོམ་ཡིག་ཡག་པོ་ཞིག་འབྲི་ཐུབ། མདོར་ན། ལྟ་ཀློག་ལ་བརྩོན་པ་དང་། བསམ་གཞིག་ལ་བརྩོན་པ། བརྟག་དཔྱད་ལ་བརྩོན་པ། རྩོམ་འབྲིར་བརྩོན་པ་བཅས“བརྩོན་པ་བཞི”དགོས། སྐད་ཆ་འདི་དག་བཤད་སྐབས་ང་སླར་ཡང་ལོ་མང་པོའི་སྔོན་གྱི་བབ་ཆགས་ལ་འཁྲུག་ཆ་དོད་པའི་སློབ་ཁང་དང་ལོ་གཅིག་དུས་ཚིགས་བཞི་བྲེལ་འཚུབ་ཆེ་ཞིང་གྲུབ་འབྲས་མང་བའི་རི་ཐང་རྟོག་ཞིབ་ལ་གཞོལ་བའི་སྐབས་སུ་ལོག་པ་ལྟ་བུའི་སྣང་བ་བྱུང་ལ། དེ་བས་ང་ལ་སེམས་འགུལ་ཆེས་ཐེབས་ཤོས་ནི་ཕྱི་དྲོའི་འཆད་ཁྲིད་དེ་ཡིན།
ཐེམ་བརྩེགས་སློབ་ཁང་ནང་མི་ཚོགས་ཀྱིས་ཁེངས་ཡོད་ཅིང་། ངས་ཁྲིད་སྟེགས་ཐོག་ལངས་ནས་མར་ལྟ་སྐབས་ན་གཞོན་མང་པོའི་མིག་ཟུང་ལས་མཚར་སྣང་དང་རེ་སྒུག་གིས་ཁེངས་བཞིན་ང་ལ་ལྟ་བཞིན་འདུག སྐབས་དེར་ང་ཡང་བསྐྱར་སྔོན་ཆད་ཀྱི་སློབ་ཁང་དང་ཁྲིད་སྟེགས་སུ་ལོག་ནས་སྐབས་རིམ་བྱུང་གི་སློབ་མ་མང་པོར་སློབ་ཁྲིད་བྱས་ཏེ་གཞོན་སོ་དཀར་ནས་རྒན་སྐྲ་དཀར་བར་འདས་པའི་སྣང་བ་ཞིག་བྱུང་། ཁྲིད་སྟེགས་འོག་གི་སློབ་མ་ཚོ་སྐབས་དང་སྐབས་བྱས་ཏེ་བརྗེས་ཀྱི་ཡོད་ལ། ང་རང་ཡང་དེ་སྔའི་ན་གཞོན་དགེ་རྒན་ཞིག་ནས་ད་ཆའི་གོམ་སྟབས་ཅུང་དལ་བའི་རྒན་རྒོན་ཞིག་ཏུ་གྱུར་ཡོད།

རྒན་དགེ་ལེགས་ལགས།
སློབ་ཚན་དེར་ངའི་སློབ་ཁྲིད་ཁ་བྱང་ནི《ཞིང་བྲན་གྱི་བུ་ཞིག་ནས་ཀྲུང་གོ་གསར་པའི་མིའི་རིགས་རིག་པའི་འབུམ་རམས་པ་དང་པོར་གྱུར་བ》ཞེས་པ་དེ་ཡིན།
ཁ་བྱང་འདི་ངས་སློབ་ཁྲིད་ཐེངས་མང་བྱེད་མྱོང་མོད། འོན་ཀྱང་སློབ་ཁྲིད་བྱེད་ཐེངས་རེར་སེམས་སུ་མྱོང་ཚོར་མི་འདྲ་བ་རེ་ཡོང་གི་འདུག ང་ཡང་ཞིང་བྲན་ཞིག་ཡིན་པ་དང་བྱིས་དུས་ཀྱི་དྲན་ཤེས་ནང་མཐོ་སྒང་གི་གྲང་རླུང་དང་ལྗིད་ཏིག་ཏིག་གི་ལྕགས་སྒྲོག་རེད། ཀྲུང་གོ་གསར་པས་ང་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་གནང་བྱུང་ལ། ཏང་དང་མི་དམངས་ཀྱི་གསོ་སྐྱོང་འོག་ངས་གོམ་པ་རེ་རེ་བཞིན་ལུང་ཁུག་ནས་ཐོན་ཏེ། སློབ་ཆེན་འགྲིམ་ནས་མིའི་རིགས་རིག་པ་དང་བོད་རིག་པར་འབད་བརྩོན་བྱས་པ་ཡིན། ཕྱིས་སུ་ང་ཀྲུང་གོ་གསར་པའི་མིའི་རིགས་རིག་པའི་འབུམ་རམས་པ་དང་པོར་གྱུར་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྟེགས་བུའི་ཐོག་ལངས་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་ཆེད་རང་ཉིད་ཀྱི་སེམས་ནུས་ཡོད་རྒུ་བཏོན་པ་ཡིན།
འོན་ཀྱང་ཉིན་དེའི་ཕྱི་དྲོར་ངས་སློབ་ཁྲིད་ཀྱི་བརྗོད་བྱ“གཏམ་རྒྱུད”ནས“བློ་སྒོ་འབྱེད་པའི”ཕྱོགས་སུ་བསྒྱུར། དེ་ཡང་ངའི་རེ་བར་ཕྲུ་གུ་ཚོས“ལྡོག་བསྒྱུར”གྱི་ངོ་མཚར་གཏམ་རྒྱུད་ཁོ་ན་བློ་ལ་ངེས་ནས་མི་སྡོད་པར་ཁོང་ཚོས་གཏམ་རྒྱུད་རྒྱབ་ཀྱི་གནས་ལུགས་ཤེས་སུ་འཇུག་འདོད་པ་སྟེ། མི་ཞིག་གི་ལས་དབང་ནི་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད། མི་ཞིག་གི་ཡོན་ཏན་ནི་ས་གཞི་ཆེན་པོ་རྐང་ཚུགས་པ་དང་། དུས་རབས་ཀྱི་འབོད་སྒྲར་བརྡ་ལན་སློག་ཚེ་གཞི་ནས་དོན་སྙིང་ལྡན་པ་ཞིག་ཡིན། ངས་རང་ཉིད་ཀྱིས་མིའི་རིགས་རིག་པ་དང་མི་རིགས་རིག་པར་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་ནས་བོད་རིག་པར་ཞིབ་འཇུག་གཏིང་ཟབ་བྱེད་པའི་བར་དང་། དེ་ནས་རྒྱལ་སྤྱིའི་རིག་གཞུང་སྟེགས་བུའི་ཐོག་བསྐྱོད་པའི་བརྒྱུད་རིམ་ནས་འགོ་བཙུགས་ཏེ། རི་ཐང་བརྟག་དཔྱད་ཀྱི་དཀའ་ཚེགས་དང་རིག་གཞུང་འཚོལ་ཞིབ་ཀྱི་ལམ་བུ་བརྗོད་པ་ཡིན་ལ། མཁས་དབང་ཞིག་ལ་ལྡན་དགོས་པའི་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་དང་འགན་འཁྲི་དང་ལས་འགན་ཡང་བརྗོད་པ་ཡིན། ངས་ཁོང་ཚོར། ཤེས་བྱ་ཡོན་ཏན་སྦྱོང་དོན་ནི་རང་ཉིད་ཁྱད་དུ་འཕགས་པར་འགྱུར་ཆེད་ཙམ་མིན་པར། རིག་གཞུང་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་རྒྱུ་དེ་རེད་ཅེས་བཤད།
རིག་གཞུང་སྙན་ཞུ་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀ་ནས་དྲུག་པའི་བར་བྱས། ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་གྱི་ནང་དུ། ངས་རྫོགས་རྒྱུ་མེད་པ་ཞིག་བཤད་པ་ཡིན། ལོ་བརྒྱད་ཅུར་ཉེ་ལ་ནད་ཁང་ནས་དགོངས་པ་ཞུས་མ་ཐག་པའི་རྒན་རྒོན་ཞིག་གིས་ཁྲིད་སྟེགས་ཐོག་ལངས་སྐབས་ལོ་བཅུ་ཕྲག་ཁ་ཤས་ཆུང་དུ་ཕྱིན་པ་ལྟར་མུ་མཐུད་དུ་ལངས་ཐུབ་པར་ང་རང་ཡང་ཡ་མཚན་སྐྱེས་བྱུང་། གཅིག་བྱས་ན་དེ་ནི“གཅིག་རྒྱུན་གཅིག་འཛིན”ཞེས་པའི་ཡིག་འབྲུ་འགའི་ནུས་པ་ཡིན་སྲིད། དེ་ཡང་ཁྱོད་ཀྱིས་གཞན་ལ་འོད་སྣང་ཞིག་སྦྱིན་སྐབས་རང་ཉིད་ཀྱི་སེམས་སུ་ཡང་བསྐྱར་འོད་སྣང་ཞིག་སྐྱེས་སྲིད་པས་རེད།
ངའི་རེ་བ་ཉག་གཅིག་ནི་ཁོང་ཚོ་ཚང་མ་ང་དང་འདྲ་བར་འཚར་ལོངས་དང་སྟོབས་ཆེར་འགྱུར་རྒྱུ་དེ་ཡིན། དེས་མ་ཚད་ང་ལས་ལྷག་པར་འགྱུར་རྒྱུའི་རེ་བའང་བྱེད་ཀྱི་ཡོད།

འབུམ་རམས་པ་དགེ་ལེགས་དང་སློབ་མ་ཚོ་མཉམ་པར་རྒྱག་བཞིན་པ།
གླེང་རིན་ཡོད་པ་ཞིག་ནི། ཚོགས་འདུ་འདི་གཉིས་ནི་ངས་སྔོན་ཆད་མཛུབ་སྟོན་བྱས་མྱོང་བའི་འབུམ་རམས་པའི་སློབ་མ་དང་། ད་ཆ་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་ཡོན་ཀྲང་ཡིན་པའི་ཀུའོ་ཅན་ཞུན་གྱིས་གཙོ་སྐྱོང་བྱས་པ་ཞིག་རེད། ཁོང་སྟེགས་བུའི་ཐོག་ལངས་ནས་ཚོགས་ར་ཡོངས་ལ་བག་ཕེབས་ངང་སྤྱི་འདོམས་དང་། གྲོས་རིམ་ངོ་སྤྲོད། འབྲེལ་མཐུད་གཏམ་བཤད་བཅས་བྱེད་པ་མཐོང་སྐབས་ངའི་སེམས་ནང་དགའ་ཚོར་ཆེན་པོ་ཞིག་བྱུང་།
སྐབས་དེ་དུས་ངའི་རྗེས་སུ་འབྲངས་ནས་རི་ཐང་དུ་རྒྱུག་པ་དང་ཚད་ལྡན་ཡིག་ཆར་བརྩོན་ཞིབ་བྱེད་མཁན་གྱི་གཞོན་ནུ་དེ་ད་ཆ་རང་མགོ་ཐོན་ནས་སློབ་གླིང་གི་གཙོ་འགན་ཁུར་ཏེ་རིག་གཞུང་དང་སློབ་གསོའི་སྣེ་ཁྲིད་པར་གྱུར་ཡོད། འདི་ནི་ཕལ་ཆེར་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་བདེ་སྐྱིད་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན་སྲིད་དེ། རང་ཉིད་ཀྱི་ལག་གཉིས་ཀྱིས་བཏབ་པའི་ས་བོན་དེ་ཆར་རླུང་འགོག་ཐུབ་པའི་སྡོང་བོར་འགྱུར་བ་དངོས་སུ་མཐོང་བ་ལྟ་བུ་རེད།
ཚོགས་འདུ་གྲོལ་སྐབས་ས་རིམ་བཞིན་རུབ། སྲིད་འཛིན་ཐོག་ཁང་ནས་ཐོན་རྗེས་སློབ་གྲྭའི་ལམ་སྒྲོན་རིམ་བཞིན་སྤར་བས་ཤིང་ཝུའུ་ཐུང་གི་གྲིབ་གཟུགས་རིང་པོར་མངོན། ངས་རང་ཉིད་ཀྱིས་རྒྱུས་མངའ་ཤིན་ཏུ་ཆེ་བའི་སྐྲུན་དངོས་དེར་ཕྱིར་མིག་ཅིག་ལྟ་སྐབས། སེམས་ནང་གློ་བུར་དུ་མི་ཞིག་གི་མི་ཚེ་གང་པོར་རྒན་འཁོགས་ཆགས་ཏེ་ལུས་ན་ཚས་གདུང་ཀྱང་སྔར་བཞིན་བྲེལ་འཚུབ་ངང་ཡོང་འདོད་པའི་ས་ཆ་ཞིག་ཡོད་པ་ནི་བསོད་ནམས་ཤིག་རེད་སྙམ་བྱུང་། མ་ཡུམ་སློབ་གྲྭ་ནི་འདི་ལྟ་བུའི་གནས་ཤིག་ཡིན་ཞིང་། དེར་ཁྱེད་ཀྱི་ན་གཞོན་དུས་ཀྱི་འཚོ་བ་ཡོད་ལ། ལོ་ན་རྒས་རྗེས་ཀྱི་གོམ་སྟབས་ཀྱང་ཡོད། ཁོང་གིས་ཁྱེད་ལ་གདན་ཞུའི་ཡི་གེ་ཕུལ་བ་ལས་ཁྱེད་ལ་ཡིད་ཆེས་ཀྱིས་ཁེངས་པ་མཚོན་པ་དང་། ཁོང་གིས་ཁྱེད་སློབ་ཁྲིད་བྱེད་པར་གདན་ཞུ་བྱས་པ་ལས་སེམས་ནང་དྲོ་སྐྱིད་དང་སྟོབས་ཤུགས་ཆེན་པོ་སྦྱིན་ཡོད།
སང་ལོ་ང་ལོ་བརྒྱད་ཅུར་སླེབས་ཀྱི་ཡོད་ཅིང་། བོད་རིག་པ་དང་མིའི་རིགས་རིག་པར་ཞིབ་འཇུག་བྱས་ནས་ལོ་བཞི་བཅུ་སོང་བ་དང་། ལས་འཁྱུར་ངལ་གསོ་ཞུས་ནས་ལོ་བཅོ་ལྔ་ཕྱིན་ཡོད། དྲང་པོ་བཤད་ན་ང་སྔ་ས་ནས་ཚ་བོ་ཚ་མོར་ལྟ་རྟོགས་བྱེད་པ་ལས་འཇིག་རྟེན་གྱི་བྱ་བར་ཐེ་གཏོགས་དེ་ཙམ་མི་བྱེད་པའི་ལོ་ཚོད་ལ་སླེབས་ཡོད། འོན་ཀྱང་ད་ཐེངས་མ་ཡུམ་སློབ་གྲྭར་ལོག་པ་ནས་བཟུང་། རང་ཉིད་ཡང་བསྐྱར་འགོ་རྩོམ་སར་ལོག་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་། གཅིག་རྒྱུན་གཅིག་འཛིན་བྱས་ནས་བརྒྱུད་སྤྲོད་བྱེད་པ་ནི་ཡོན་ཏན་ཡིན་ལ། སྙིང་སྟོབས་དེ་བས་ཀྱང་ཡིན། འབྱུང་འགྱུར་ལ་ཁྲིད་སྟོན་བྱས་ནས་བསྟན་པ་ནི་བགྲོད་ལམ་ཡིན་ལ། སེམས་ཤུགས་ཤིག་དེ་བས་ཀྱང་ཡིན། གལ་ཏེ་མ་ཤི་ཚེ་རིང་བྱུང་བ་དང་། མ་ཡུམ་སློབ་གྲྭར་ང་ད་དུང་མཁོ་བ་བྱུང་ཚེ། ངས་ཁྲིད་སྟེགས་ཐོག་ལངས་ནས་ཡ་མཚན་གྱི་མིག་ཟུང་རེ་རེ་ལྟ་སའི་མི་ཞིག་བྱེད་འདོད་ཡོད།
ཞིང་བྲན་གྱི་བུ་ཕྲུག་ནས་ཀྲུང་གོ་གསར་པའི་མིའི་རིགས་རིག་པའི་འབུམ་རམས་པ་དང་པོའི་བར་ངས་དུས་རབས་འདིར་དྲིན་ཚོར་ཆེན་པོ་བྱེད་པ་དང་། ས་གཞི་འདིར་དྲིན་ཚོར་ཆེན་པོ་བྱེད་ཀྱི་ཡོད་ལ། ངའི་མ་ཡུམ་སློབ་གྲྭར་དེ་བས་དྲིན་ཚོར་བྱེད་ཀྱི་ཡོད། ད་ཆ་དྲིན་ཚོར་དེ་དག་ལོ་ན་དེ་བས་ཆུང་བའི་ན་གཞོན་ཚོའི་ལག་ཏུ་བརྒྱུད་སྤྲོད་བྱ་རྒྱུ་བྱུང་བ་ནི་ངའི་ཚེ་མཇུག་གི་དགའ་ཚོར་བྱེད་འོས་ཤོས་ཤིག་ཡིན། ལོ་ན་བརྒྱད་ཅུར་སླེབས་ཀྱང་སྙིང་སྟོབས་གཞོན་ནུར་འགྲན། སྙིང་སྟོབས་དེ་འདྲ་སེམས་སུ་འོད་སྣང་ལྡན་པས་ཡིན།
རྩོམ་སྒྲིག་པ། རིག་གྲོལ།