དོན་ཚན་དང་པོ། བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དོ་དམ་ཚད་ལྡན་བཟོ་བ། བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་མི་སྣ་ངོས་འཛིན་བྱེད་པའི་ལས་ཀ་ཡག་པོར་སྒྲུབ་པ་བཅས་ཀྱི་ཆེད་དུ། 《ཆོས་ལུགས་ལས་དོན་སྲོལ་ཡིག་》དང་། 《ཆོས་ལུགས་ཀྱི་ཆོས་དོན་མི་སྣ་དོ་དམ་བྱེད་ཐབས། 》དང་། 《ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག་》སོགས་འབྲེལ་ཡོད་གཏན་འབེབས་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དང་ཆོས་ཁྲིམས་གཞིར་བཟུང་ནས་བྱེད་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། བྱེད་ཐབས་འདིར་བརྗོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་མི་སྣ་(གཤམ་དུ་ཆོས་དོན་མི་སྣ་ཞེས་ཟེར་རྒྱུ་)ཞེས་པ་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དང་ཆོས་ཁྲིམས་ལྟར་ཆོས་དོན་བྱེད་སྒོ་གཉེར་མཁན་གྲྭ་པ་དང་བཙུན་མ་(སྤྲུལ་སྐུ་ཡང་ཚུད་ཡོད་)ལ་ཟེར།
དོན་ཚན་གསུམ་པ། ཆོས་དོན་མི་སྣའི་ཐོབ་ཐང་རེ་འདུན་ཞུ་བར་གཤམ་གསལ་གཞི་རྩའི་ཆ་རྐྱེན་དག་ཚང་དགོས་པ་སྟེ།
(གཅིག) མེས་རྒྱལ་ལ་དགའ་ཞེན་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོང་བཀུར། རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལ་བརྩི་སྲུང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བཅས་བྱེད་པ།
(གཉིས།) རྒྱལ་ཁོངས་ཕྱིའི་རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གི་བཀོད་པ་དང་ལེན་མི་བྱེད་པ།
(གསུམ།) ས་གནས་དེ་གའི་ཆོས་ལུགས་ལས་དོན་སྡེ་ཁག་དང་རང་གནས་སའི་དགོན་པའི་དོ་དམ་རྩ་འཛུགས་ཀྱི་དོ་དམ་དང་ལེན་བྱེད་པ།
(བཞི།) དགོན་པའི་བཅའ་ཡིག་དང་སྡོམ་ཁྲིམས་དམ་པོར་སྲུང་བ་དང་། ས་གནས་དེ་གའི་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་སྲོལ་དང་ལམ་ལུགས་བརྩི་སྲུང་ཞུ་བ།
(ལྔ།) རང་ལོ་20ཡན་སོན་པ་དང་། རིག་གནས་བྱང་ཚད་དང་བོད་བརྒྱུད་ནང་བསྟན་གྱི་ཤེས་བྱ་ངེས་ཅན་ལྡན་པ། སྤྱོད་ལམ་བཟང་ཞིང་ལུས་སེམས་བདེ་ཐང་ཡིན་པ། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པ།
དོན་ཚན་བཞི་པ། གཤམ་གསལ་གནས་ཚུལ་གང་རུང་ཞིག་བྱུང་རིགས། ཆོས་དོན་མི་སྣའི་ཐོབ་ཐང་རེ་འདུན་ཞུ་མི་ཆོག་པ་སྟེ།
(གཅིག) བྱས་ཉེས་བསགས་པའི་དབང་གིས་ཉེས་དོན་གྱི་ཆད་པ་ཕོག་རིགས།
(གཉིས།) བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་དང་འགལ་བའི་དབང་གིས་ཆོས་དོན་མི་སྣའི་ཐོབ་ཐང་ཕྱིར་འཐེན་བྱས་ཟིན་རིགས།
དོན་ཚན་ལྔ་པ། ཆོས་དོན་མི་སྣའི་རེ་འདུན་ཞུ་བར་གཤམ་གསལ་ལས་རིམ་བརྒྱུད་དགོས་པ་སྟེ།
(གཅིག) རང་མོས་ཀྱིས་རེ་འདུན་ཞུ་ཡུལ་དགོན་པར་རེ་འདུན་ཞུ་ཡིག་(རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་དང་། ཁྱིམ་མི་གཙོ་བོའི་གནས་ཚུལ་འབྲི་དགོས།)དང་། སློབ་གསོ་མྱངས་ཚུལ་གྱི་གསལ་བཤད། ཁྱིམ་མིས་རབ་ཏུ་བྱུང་བར་མོས་མཐུན་བྱས་པའི་གསལ་བཤད། ཐེམ་ཐོ་ཡོད་སའི་ཞང་དང་གྲོང་རྡལ། ཡང་ན་ཁྲོམ་གཞུང་དོན་གཅོད་ཁང་ནས་བྲིས་པའི་གང་དེའི་སྤྱོད་ཚུལ་གསལ་བཤད། གང་དེའི་ཐོབ་ཐང་དཔང་ཡིག་གི་པར་སློག་ཡིག་ཆ་བཅས་འབུལ་དགོས།
(གཉིས།) དགོན་པའི་དོ་དམ་རྩ་འཛུགས་ཀྱིས་ཞིབ་དཔྱད་བྱས་ཏེ་བསམ་འཆར་བཏོན་རྗེས། དགོན་པ་གང་དེ་གནས་སའི་རྫོང་(གྲོང་ཁྱེར་དང་། ཆུས། ཆི་)ནང་བསྟན་མཐུན་ཚོགས་ལ་སྙན་སེང་ཞུ་རྒྱུ། རྫོང་(གྲོང་ཁྱེར་དང་། ཆུས། ཆི་)ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་དཔྱད་བསམ་འཆར་འདོན་པ་དང་། ཆུས་བཙུགས་པའི་(ས་གནས་དང་། ཁུལ། མེང་)ནང་བསྟན་མཐུན་ཚོགས་ལ་སྙན་སེང་ཞུ་རྒྱུ། མོས་མཐུན་བྱུང་རིགས་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ལ་སྙན་སེང་ཞུ་རྒྱུ།
རྫོང་(གྲོང་ཁྱེར་དང་། ཆུས། ཆི་)དང་ཆུས་བཙུགས་པའི་(ས་གནས། ཁུལ། མེང་)ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་དཔྱད་བསམ་འཆར་མ་བཏོན་གོང་། རིམ་པ་དེ་གའི་ཆོས་ལུགས་ལས་དོན་སྡེ་ཁག་གི་བསམ་འཆར་ཡིག་ཐོག་ནས་བསྡུ་ལེན་བྱེད་དགོས།
(གསུམ།) ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ཀྱིས་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ཆོས་ལུགས་ལས་དོན་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས། ཞིབ་དཔྱད་བྱས་ཏེ་མོས་མཐུན་བྱུང་རིགས། དགོན་པར་ཞུགས་ནས་ལོ་གཅིག་རིང་གྲ་སྒྲིག་དཔྱད་ཞིབ་བྱེད་པར་ཆོག་མཆན་སྤྲོད་དགོས།
(བཞི།) གྲ་སྒྲིག་དཔྱད་ཞིབ་ཀྱི་དུས་ཚད་འཐིམ་རྗེས། རང་གནས་སའི་དགོན་པའི་དོ་དམ་རྩ་འཛུགས་ཀྱིས་དཔྱད་ཞིབ་བསམ་འཆར་བཏོན་ནས་ས་གནས་དེའི་ནང་བསྟན་མཐུན་ཚོགས་ལ་ངོས་འཛིན་བྱེད་པའི་སྙན་སེང་ཞུ་དགོས། ཆ་རྐྱེན་དང་མཐུན་རིགས། ས་གནས་དེའི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ་དང་། ཆ་རྐྱེན་དང་མི་མཐུན་པའི་རིགས་ལ་རྒྱུ་མཚན་གསལ་བཤད་བྱེད་དགོས།
(ལྔ།) ཐོ་འགོད་སྙན་སེང་ཞུས་རྗེས་སུ། ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་མི་སྣའི་དཔང་ཡིག་སྤྲོད་རྒྱུ།
དོན་ཚན་དྲུག་པ། བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་མི་སྣའི་དཔང་ཡིག་ནི་ཆོས་དོན་མི་སྣའི་ཐོང་ཐང་དཔང་ཡིག་ཡིན་པས། ཆོས་དོན་མི་སྣའི་ཐོ་འགོད་ཨང་གྲངས་དང་དཔང་ཡིག་སྤྲོད་པའི་ཟླ་ཚེས་སོགས་ཀྱི་ནང་དོན་གསལ་པོར་འགོད་དགོས།
བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་མི་སྣའི་དཔང་ཡིག་ནི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལྟ་ཞིབ་འོག་བཟོ་རྒྱུ། ནང་བསྟན་མཐུན་ཚོགས་ཀྱིས་ཆོས་དོན་མི་སྣ་ངོས་འཛིན་བསྐྱར་ཟློས་བྱས་མི་ཆོག
བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་མི་སྣའི་དཔང་ཡིག་གི་གོ་ཆོད་དུས་ཡུན་ནི་ལོ་ལྔ་ཡིན། དཔང་ཡིག་འཛིན་མཁན་ལག་ཁྱེར་དུས་ཚད་མ་འཐིམ་གོང་གི་ཟླ་བ་གསུམ་ནང་ཚུན་དེ་སྔའི་དཔང་ཡིག་སྤྲོད་མཁན་ནང་བསྟན་མཐུན་ཚོགས་སུ་སོང་ནས་དུས་ཡུན་རིང་དུ་གཏོང་བའི་འགྲོ་ལུགས་སྒྲུབ་དགོས།
དོན་ཚན་བདུན་པ། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ནི་《བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་》ལྟར་ལག་བསྟར་བྱ་རྒྱུ། སྤྲུལ་སྐུའི་དཔང་ཡིག་ནི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལྟ་ཞིབ་འོག་བཟོས་ཏེ་སྤྲོད་རྒྱུ།
དོན་ཚན་བརྒྱད་པ། ཆོས་དོན་མི་སྣའི་དཔང་ཡིག་དང་སྤྲུལ་སྐུའི་དཔང་ཡིག་ཐོ་འགོད་ཨང་གྲངས་ནི་གྲངས་ཀའི་གནས་བཅུ་བཞི་ཡིས་ཨང་སྒྲིག་བྱ་རྒྱུ་སྟེ། རིམ་པ་ལྟར་སྲིད་འཛིན་ཁུལ་དབྱེ་ཚབ་ཨང་གནས་གྲངས་དྲུག་དང་། གྲུབ་མཐའི་ཚབ་ཨང་དང་། ཕོ་མོའི་ཚབ་ཨང་། ཆོས་དོན་མི་སྣའི་(སྤྲུལ་སྐུ་)ཚབ་ཨང་བཅས་གནས་གྲངས་གཅིག་རེ། བསྟར་ཨང་གནས་གྲངས་ལྔ་བཅས་ཀྱིས་གྲུབ་པ་ཡིན།
དོན་ཚན་དགུ་པ། བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་མི་སྣའི་དཔང་ཡིག་གཏོར་སྐྱོན་ཐེབས་པའམ་ཡང་ན་བོར་བརླག་བྱུང་རིགས། ས་གནས་དེའི་ནང་བསྟན་མཐུན་ཚོགས་ལ་དུས་ཐོག་ཏུ་རེ་འདུན་ཞུ་དགོས་པ་དང་། ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ཀྱིས་བདེན་མིན་ཞིབ་དཔྱད་བྱེད་པ་དང་སྦྲགས་ས་གནས་དེའི་ཞིང་ཆེན་རིམ་པའི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་སེང་ཞུས་རྗེས་འགྲོ་ལུགས་གསབ་སྒྲུབ་བྱ་རྒྱུ།
དོན་ཚན་བཅུ་པ། དགོན་པའི་ཁྲི་པ་དང་། མཁན་པོ། དགེ་རྒན། དབུ་མཛད། དགེ་བསྐོས་སོགས་ཆོས་དོན་མི་སྣ་གཙོ་བོ་དག་དགོན་པའི་དོ་དམ་རྩ་འཛུགས་ཀྱིས་འོས་མི་གདམ་རྒྱུ་དང་། ས་གནས་དེའི་ནང་བསྟན་མཐུན་ཚོགས་ཀྱི་མོས་མཐུན་ཐོབ་རྗེས། དགོན་པ་གང་དེ་གནས་སའི་རྫོང་རིམ་པ་དང་དེའི་ཡན་གྱི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ།
ཆོས་དོན་པ་གཙོ་བོར་འགན་འཛིན་ཡུན་ཚད་ལམ་ལུགས་ལག་ལེན་བསྟར་རྒྱུ་དང་། འགན་འཛིན་ཡུན་ཚད་སྤྱིར་བཏང་ལོ་3ནས་ལོ་5བར་ཡིན། འགན་འཛིན་རིང་། གང་དེ་ན་རྒས་ལུས་ཟུངས་ཞན་དུ་གྱུར་པའམ་ཡང་ན་རྒྱུ་མཚན་གཞན་དག་དབང་གིས་འགན་འཁྲི་སྒྲུབ་མི་ཐུབ་པའི་རིགས་ཀྱིས་སྔ་སྣུར་དུ་ལས་གནས་དགོངས་ཞུ་བྱས་ཆོག
དགོན་པའི་ཆོས་དོན་པ་གཙོ་བོའི་འགན་འཁུར་བའི་མི་སྣས་སྤྱིར་བཏང་དགོན་པ་གཞན་གྱི་ཆོས་དོན་པ་གཙོ་བོའི་འགན་གཅིག་ལྕོགས་སུ་མི་འཛིན།
དོན་ཚན་བཅུ་གཅིག་པ། ཆོས་དོན་མི་སྣས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་ཁྲིམས་ལྟར་དོ་དམ་བྱེད་པར་རང་རྟོགས་ངང་དང་ལེན་བྱེད་དགོས་པ་དང་། འགན་འཛིན་ཡུལ་ལམ་ཡང་ན་རང་གནས་སའི་ནང་བསྟན་ཚོགས་པ་དང་། ནང་བསྟན་སློབ་ཆེན་དང་སློབ་གླིང་། ནང་བསྟན་གྱི་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་དོ་དམ་དང་ལྟ་སྐུལ་དང་ལེན་བྱེད་དགོས།
དོན་ཚན་བཅུ་གཉིས་པ། ཆོས་དོན་མི་སྣར་གཤམ་གསལ་བྱ་སྤྱོད་གང་རུང་ཞིག་བྱུང་རིགས། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སོ་སོར་ཁ་ཏ་བསླབ་བྱ་བྱེད་པ་དང་། ཆོས་དོན་མི་སྣའི་ཐོབ་ཐང་གནས་སྐབས་མཚམས་འཇོག་པའམ་ཡང་ན་ཕྱིར་འཐེན་བྱེད་པའི་ཆད་པ་གཅོད་དགོས་པ་སྟེ།
(གཅིག) རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་བཅས་དང་འགལ་རིགས།
(གཉིས།) ནང་བསྟན་ཚོགས་པ་དང་། ནང་བསྟན་སློབ་ཆེན་དང་སློབ་གླིང་། ནང་བསྟན་གྱི་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་བཟོས་པའི་སྒྲིག་སྲོལ་དང་ལམ་ལུགས་དང་འགལ་རིགས།
(གསུམ།) ནང་བསྟན་གྱི་སྡོམ་ཁྲིམས་དང་འགལ་རིགས།
དོན་ཚན་བཅུ་གསུམ་པ། ཆོས་དོན་མི་སྣར་གཤམ་གསལ་བྱ་སྤྱོད་གང་རུང་ཞིག་བྱུང་རིགས། ཆོས་དོན་མི་སྣའི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་ཆད་པ་གཅོད་དགོས་པ་སྟེ།
(གཅིག)བྱས་ཉེས་བསགས་པའི་དབང་གིས་ཉེས་དོན་ཆད་པ་ཕོག་རིགས།
(གཉིས།) བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་དང་འགལ་ནས་ཉེས་གསོག་ཏུ་གྲུབ་མེད་ཀྱང་གནས་ཚུལ་ཚབས་ཆེ་རིགས།
(གསུམ།) དགེ་སློང་གི་རྩ་བའི་སྡོམ་ཁྲིམས་སམ་དགེ་སློང་མའི་རྩ་བའི་སྡོམ་ཁྲིམས་དང་འགལ་རིགས།
(བཞི།) ནང་བསྟན་གྱི་བྱེད་སྒོ་སྤེལ་ཡུལ་དུ་ཚོང་ལས་གཉེར་བའམ། ཡང་ན་ཚོང་ལས་བྱེད་སྒོར་ཞུགས་ནས་(དགོན་པའི་དོ་དམ་རྩ་འཛུགས་ཀྱིས་མོས་མཐུན་བྱས་ནས་རང་ཁ་རང་གསོ་དམིགས་ཡུལ་ཡིན་པའི་གཉེར་སྐྱོང་རང་བཞིན་གྱི་བྱེད་སྒོ་འདིའི་ཁོངས་སུ་ཚུད་མེད།)ཁེ་ཕན་དོན་གཉེར་བྱས་པ་དང་གནས་ཚུལ་ཚབས་ཆེ་རིགས།
(ལྔ།) རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་རྒྱལ་ཁོངས་ཕྱི་ནང་གི་ཞལ་འདེབས་བླངས་བ་དང་གནས་ཚུལ་ཚབས་ཆེ་རིགས།
(དྲུག) མགོ་སྐོར་གཡོ་ཐབས་དང་། ཁྲིམས་འགལ་གྱིས་རྒྱུ་ནོར་ཧམ་ལེན་བྱས་པ།
(བདུན།) རྒྱལ་ཁབ་ཀྱི་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་མཉམ་སྦྲེལ་དྲ་རྒྱའི་ཐོག་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་གནས་ཚུལ་ཚབས་ཆེ་རིགས།
(བརྒྱད།) ཆོས་དོན་མི་སྣའི་ཐོབ་ཐང་གནས་སྐབས་མཚམས་འཇོག་བྱེད་པའི་ཆད་པ་ཕོག་རྗེས། དོན་ཚན་བཅུ་གཉིས་པའི་ནང་འཁོད་གནས་ཚུལ་དང་ཡང་བསྐྱར་འགལ་རིགས།
(དགུ།) བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་དང་འགལ་བའི་དབང་གིས་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོས་དོན་མི་སྣའི་ཐོབ་ཐང་མེད་པ་བཟོ་རྒྱུའི་གྲོས་འགོ་བཏོན་རིགས།
(བཅུ།) ཆོས་དོན་མི་སྣའི་ཐོབ་ཐང་ཕྱིར་འཐེན་བྱེད་དགོས་པའི་ཁྲིམས་འགལ་དང་སྒྲིག་འགལ་ལམ་ཡང་ན་སྡོམ་ཁྲིམས་དང་འགལ་བའི་བྱ་སྤྱོད་གཞན་དག་རིགས།
དོན་ཚན་བཅུ་བཞི་པ། ཆོས་དོན་མི་སྣར་གཤམ་གསལ་བྱ་སྤྱོད་གང་རུང་ཞིག་བྱུང་རིགས། ཆོས་དོན་མི་སྣའི་ཐོབ་ཐང་གནས་སྐབས་མཚམས་འཇོག་བྱེད་པའི་ཆད་པ་གཅོད་དགོས་པ་སྟེ།
(གཅིག) བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་དང་འགལ་ནས་ཉེས་གསོག་ཏུ་གྲུབ་མེད་ཀྱང་གནས་ཚུལ་ཅུང་ཚབས་ཆེ་རིགས།
(གཉིས།) དགེ་སློང་གི་རྩ་བའི་སྡོམ་ཁྲིམས་སམ་དགེ་སློང་མའི་རྩ་བའི་སྡོམ་ཁྲིམས་དང་འགལ་བ་དང་། གནས་ཚུལ་ཅུང་ཚབས་ཆེ་རིགས།
(གསུམ།) ནང་བསྟན་གྱི་བྱེད་སྒོ་སྤེལ་ཡུལ་དུ་ཚོང་ལས་གཉེར་བའམ། ཡང་ན་ཚོང་ལས་བྱེད་སྒོར་ཞུགས་ནས་(དགོན་པའི་དོ་དམ་རྩ་འཛུགས་ཀྱིས་མོས་མཐུན་བྱས་ནས་རང་ཁ་རང་གསོ་དམིགས་ཡུལ་ཡིན་པའི་གཉེར་སྐྱོང་རང་བཞིན་གྱི་བྱེད་སྒོ་འདིའི་ཁོངས་སུ་ཚུད་མེད།)ཁེ་ཕན་དོན་གཉེར་བྱས་པ་དང་གནས་ཚུལ་ཅུང་ཚབས་ཆེ་རིགས།
(བཞི།) རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་རྒྱལ་ཁོངས་ཕྱི་ནང་གི་ཞལ་འདེབས་བླངས་བ་དང་གནས་ཚུལ་ཅུང་ཚབས་ཆེ་རིགས།
(ལྔ།) རྒྱལ་ཁབ་ཀྱི་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་མཉམ་སྦྲེལ་དྲ་རྒྱའི་ཐོག་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་གནས་ཚུལ་ཅུང་ཚབས་ཆེ་རིགས།
(དྲུག) ཆོག་མཆན་མ་ཐོབ་པར་ཡུལ་གཞན་དུ་ཆོས་སློབ་པ་དང་། སྒོམ་རྒྱག་པ། ཆོས་ལུགས་བྱེད་སྒོ་སྤེལ་བ་བཅས་བྱས་རིགས།
(བདུན།) ཆོག་མཆན་མ་ཐོབ་པར་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་མ་ཡིན་སར་ཆོས་ལུགས་བྱེད་སྒོ་སྒྲིག་འཛུགས་དང་གཙོ་སྐྱོང་བྱས་རིགས།
(བརྒྱད།) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་སྐོར་གྱི་བཅའ་ཁྲིམས་》དང་《ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ནས། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་དགོན་པའི་ནང་དུ་ཆོས་སློབ་པར་བསྡུ་ལེན་བྱས་རིགས།
(དགུ།) དགོན་པའི་དོ་དམ་རྩ་འཛུགས་ལ་གུང་གསེང་ཞུ་བའི་འགྲོ་ལུགས་མ་བསྒྲུབས་པར་དགོན་པར་ཉིན་ལྔ་ཡན་ཁ་བྲལ་རིགས།
(བཅུ།) ཁ་ཏ་བསླབ་བྱ་བྱས་རྗེས་དོན་ཚན་བཅུ་གཉིས་པའི་ནང་འཁོད་གནས་ཚུལ་དང་ཡང་བསྐྱར་འགལ་བ་དང་། ཡིན་ཡང་ཆོས་དོན་མི་སྣའི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་གནས་ཚུལ་དང་ཡང་མི་མཐུན་པའི་རིགས།
(བཅུ་གཅིག) ཆོས་དོན་མི་སྣའི་ཐོབ་ཐང་གནས་སྐབས་མཚམས་འཇོག་བྱེད་དགོས་པའི་ཁྲིམས་འགལ་དང་སྒྲིག་འགལ་ལམ་ཡང་ན་སྡོམ་ཁྲིམས་དང་འགལ་བའི་བྱ་སྤྱོད་གཞན་དག་རིགས།
དོན་ཚན་བཅོ་ལྔ་པ། ཆོས་དོན་མི་སྣར་བྱེད་ཐབས་འདིའི་དོན་ཚན་བཅུ་གཉིས་པའི་ནང་འཁོད་གཏན་འབེབས་ལྟར་ན་ཆད་པ་གཅོད་དགོས་མོད། འོན་ཀྱང་བྱེད་ཐབས་འདིའི་དོན་ཚན་བཅུ་གསུམ་པ་དང་དོན་ཚན་བཅུ་བཞི་པའི་ནང་འཁོད་ཆོས་དོན་མི་སྣའི་ཐོབ་ཐང་ཕྱིར་འཐེན་བྱེད་པའམ་ཡང་ན་གནས་སྐབས་མཚམས་འཇོག་བྱེད་དགོས་པའི་གནས་ཚུལ་མ་གྲུབ་པའི་རིགས་ལ་ཁ་ཏ་བསླབ་བྱ་བྱེད་དགོས།
དོན་ཚན་བཅུ་དྲུག་པ། ཁ་ཏ་བསླབ་བྱ་བྱེད་པའི་ཆད་པ་གཅོད་རྒྱུའི་ཆོད་དོན་བཞག་རིགས། ཆོས་དོན་མི་སྣ་གང་དེ་གནས་སའི་དགོན་པའི་དོ་དམ་རྩ་འཛུགས་ཀྱིས་མཉམ་དུ་གྲོས་བསྡུར་བྱས་རྗེས་ཆོད་དོན་བཞག་མ་ཐག་ནུས་པ་ཐོན་པ་མ་ཟད། ཆོས་དོན་མི་སྣ་གང་དེ་གནས་ཡུལ་ལ་ཡིག་ཐོག་ནས་བརྡ་ཁྱབ་གཏོང་དགོས།
ཆོས་དོན་མི་སྣའི་ཐོབ་ཐང་གནས་སྐབས་མཚམས་འཇོག་བྱ་རྒྱུའི་ཆོད་དོན་བཞག་རིགས། ཆོས་དོན་མི་སྣ་གང་དེ་གནས་སའི་དགོན་པའི་དོ་དམ་རྩ་འཛུགས་ཀྱིས་མཉམ་དུ་གྲོས་བསྡུར་བྱས་རྗེས་ཆོད་དོན་བཞག་མ་ཐག་ནུས་པ་ཐོན་པ་དང་། དུས་མཚུངས་སུ་ཆོས་དོན་མི་སྣའི་དཔང་ཡིག་གནས་སྐབས་བཀག་ཉར་བྱེད་པ་མ་ཟད། ཆོས་དོན་མི་སྣ་གང་དེ་གནས་ཡུལ་ལ་ཡིག་ཐོག་ནས་བརྡ་ཁྱབ་གཏོང་དགོས།
ཆོས་དོན་མི་སྣའི་ཐོབ་ཐང་གནས་སྐབས་མཚམས་བཞག་རྗེས། གང་དེར་དངོས་གནས་འགྱོད་བཤགས་བྱེད་འདོད་ཡོད་པ་མ་ཟད། དགོན་པ་དེ་གའི་ཆོས་དོན་མི་སྣ་མང་ཆེ་བའི་ངོས་ལེན་ཐོབ་ཚེ། དེ་སྔའི་ཆད་པ་གཅོད་རྒྱུའི་ཆོད་དོན་བཞག་པའི་ལས་རིམ་ལྟར་ཆད་པ་ཕྱིར་འཐེན་བྱ་རྒྱུ་དང་། ཆོས་དོན་མི་སྣའི་དཔང་ཡིག་ཕྱིར་སྤྲོད་དགོས།
དོན་ཚན་བཅུ་བདུན་པ། ཆོས་དོན་མི་སྣའི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་ཆད་པ་གཅོད་རྒྱུའི་ཆོད་དོན་བཞག་རིགས། གཤམ་གསལ་ལས་རིམ་ལྟར་ཐག་གཅོད་དགོས་པ་སྟེ།
(གཅིག) ཆོས་དོན་མི་སྣ་གང་དེ་གནས་སའི་དགོན་པའི་དོ་དམ་རྩ་འཛུགས་ཀྱིས་མཉམ་དུ་གྲོས་བསྡུར་བྱས་རྗེས་ཆོས་དོན་མི་སྣའི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་བསམ་འཆར་འདོན་རྒྱུ་མ་ཟད། དགོན་པ་གང་དེ་གནས་སའི་རྫོང་(གྲོང་ཁྱེར་དང་། ཆུས། ཆི་)ནང་བསྟན་མཐུན་ཚོགས་ལ་སྙན་སེང་ཞུ་རྒྱུ། རྫོང་(གྲོང་ཁྱེར་དང་། ཆུས། ཆི་)ནང་བསྟན་མཐུན་ཚོགས་ཀྱིས་ཆུས་བཙུགས་པའི་གྲོང་ཁྱེར་ (ས་གནས་དང་། ཁུལ། མེང་)ནང་བསྟན་མཐུན་ཚོགས་བརྒྱུད་དེ་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ལ་ཞིབ་དཔྱད་བྱེད་པའི་སྙན་སེང་ཞུ་རྒྱུ།
རྫོང་(གྲོང་ཁྱེར་དང་། ཆུས། ཆི་)ལ་ནང་བསྟན་མཐུན་ཚོགས་མེད་རིགས། དགོན་པ་གང་དེ་གནས་སའི་ཆུས་བཙུགས་པའི་གྲོང་ཁྱེར་(ས་གནས་དང་། ཁུལ། མེང་)ནང་བསྟན་མཐུན་ཚོགས་ལ་ཞིབ་དཔྱད་བྱེད་པའི་སྙན་སེང་ཞུ་རྒྱུ།
རྫོང་(གྲོང་ཁྱེར་དང་། ཆུས། ཆི་)དང་ཆུས་བཙུགས་པའི་གྲོང་ཁྱེར་(ས་གནས་དང་། ཁུལ། མེང་)ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་དཔྱད་བསམ་འཆར་མ་བཏོན་གོང་། རིམ་པ་དེ་གའི་ཆོས་ལུགས་ལས་དོན་སྡེ་ཁག་གི་བསམ་འཆར་ཡིག་ཐོག་ནས་བསྡུ་ལེན་བྱེད་དགོས།
(གཉིས།) ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་དཔྱད་བྱས་ནས་མོས་མཐུན་བྱས་རྗེས། ཆོས་དོན་མི་སྣའི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་ཆོད་དོན་ལ་ནུས་པ་ཐོན་པ་མ་ཟད། ཆོས་དོན་མི་སྣའི་དཔང་ཡིག་རྩིས་མེད་དུ་གཏོང་རྒྱུ། སྤྲུལ་སྐུ་ཡིན་རིགས་སྤྲུལ་སྐུའི་དཔང་ཡིག་རྩིས་མེད་དུ་གཏོང་རྒྱུ།
ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ཀྱིས་ཆོས་དོན་མི་སྣའི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་ཆོད་དོན་དེ་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ཆོས་ལུགས་ལས་དོན་སྡེ་ཁག་ལ་ཞུས་ཏེ་ཐོ་ཁོངས་ནས་བསུབ་དགོས།
དོན་ཚན་བཅོ་བརྒྱད་པ། སྐྱ་སར་བབས་པའམ་ཡང་ན་རྒྱུ་མཚན་གཞན་དག་དབང་གིས་ཆོས་དོན་མི་སྣའི་ཐོབ་ཐང་ཤོར་རིགས། ཆོས་དོན་མི་སྣ་གང་དེ་གནས་སའི་ནང་བསྟན་མཐུན་ཚོགས་ཀྱིས་གང་དེའི་ཆོས་དོན་མི་སྣའི་དཔང་ཡིག་ཕྱིར་བསྡུ་དགོས། སྤྲུལ་སྐུ་ཡིན་རིགས་སྤྲུལ་སྐུའི་དཔང་ཡིག་ཕྱིར་བསྡུ་རྒྱུ་མ་ཟད། ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་ཁོངས་ནས་བསུབ་པའི་སྙན་སེང་ཞུ་རྒྱུ།
དོན་ཚན་བཅུ་དགུ་པ། འབྲེལ་ཡོད་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ཀྱིས་ས་དེ་གའི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་ལག་བསྟར་ཞིབ་སྲོལ་བཟོས་ཆོག
དོན་ཚན་ཉི་ཤུ་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་བྱེད་ཐབས་འདིར་འགྲེལ་བཤད་བྱེད་འགན་འཁུར་རྒྱུ།
དོན་ཚན་ཉེར་གཅིག་པ། བྱེད་ཐབས་འདི་སྤྱི་བསྒྲགས་བྱས་ཉིན་ནས་ལག་ལེན་དུ་བསྟར་རྒྱུ།
(2025ལོའི་ཟླ་6ཚེས་30ཉིན་ཀྲུང་གོ་ནང་བསྟན་མཐུན་ཚོགས་རྒྱུན་ལས་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་འཆམ་བྱུང་།)